ཨ་འདུས་མིག་ཆུ།

སྲོལ་རྒྱུན་རིག་གནས་ཕྱོགས་ལ་མཁས་པ་ཁྱོད།།
སྒྱུ་རྩལ་རྩོམ་རིག་འབྲི་ལ་བྱང་བ་ཁྱོད།།
ཕྱི་ནང་བོད་རིགས་ཁྲོད་ན་གྲགས་པ་ཁྱོད།།
འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

སྙན་ངག་མེ་ལོང་འཆད་ལ་ཐོགས་མེད་ཁྱོད།།
དགེ་ཕྲུག་ཐབས་ཀྱིས་སྐྱོང་ལ་འགྲན་མེད་ཁྱོད།།
སྐད་ཡིག་རིག་གནས་འཆད་ལ་དྲིན་ཆེན་ཁྱོད།
ཁ་སྒང་སྒམ་པོའི་སྙན་པ་ངོ་སོ་བསྟོད།།

ཚིག་གི་ལོ་མའི་ཕྱོགས་ལ་མི་མཁས་ཁྱོད།།
དོན་ལྡན་ལེགས་བཤད་སྨྲ་ལ་སྤྲོ་བ་ཁྱོད།།
ཞེན་ཁོག་འདྲེ་གདོན་སྙིང་ལ་བྲལ་བ་ཁྱོད།།
འབའ་སྲས་མཚན་ལྡན་སྙན་པ་ངོ་སོ་བསྟོད།།

གཞིས་ལུས་བོད་ཕྲུག་དག་གིས་རེ་བའི་ཁྱོད།།
ཡུལ་གྱར་བོད་ཕྲུག་མང་པོའི་བཤེས་གཉིས་ཁྱོད།།
ཉམ་ངའི་སྐད་ཡིག་ཚེ་སྲོག་སྐྱོབ་མཁན་ཁྱོད།།
འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

རིགས་དོན་ཁ་ནས་བཤད་ལ་མི་མཁས་ཁྱོད།།
དོན་གྱིས་སྙིང་ལ་བཅངས་པའི་མི་བཟང་ཁྱོད།།
ཁ་ཁོག་གཏན་ནས་མི་འགལ་དྲང་མོ་ཁྱོད།།
འབའ་སྲས་མཚན་གྱི་སྙན་པ་ངོ་སོ་བསྟོད།།

དོན་གྱི་སྙིང་བཅུད་ལེན་པ་ག་ལ་ཤེས།།
སྐྱག་པ་གཏང་སའི་ཨི་ཁུང་མི་ཤེས་པའི།།
དྲ་ཐོག་སྐྱག་འབུའི་ཁ་ལ་ཉན་དོན་གྱི།།
ཁྱོད་ཀྱི་བྱས་རྗེས་འདྲ་བ་སུ་ལ་ཡོད།།

ཆོལ་ཁའི་ཞེན་ཁོག་སྙིང་ལ་འབར་བའི་ཚེ།།
དུག་སྦྲང་མཆུ་རིང་མང་པོ་ལྡིང་ནས་འོང་།།
ལེགས་བཤད་ཚིག་གི་གདམས་པ་ག་ལ་ཡོད།།
དྲ་ཐོག་མཆན་འདེབས་དུག་སྦྲང་མཆུ་རིང་ཉིད།།

ཆོལ་ཁའི་ཞེན་ཁོག་ཁྱོད་ལ་གང་ནས་ཡོད།།
བོད་ཡིག་རྨོངས་པ་ཁྱོད་ཉིད་ག་ལ་ཡིན།།
སྐྱོན་གྱི་མཛུབ་མོ་འཛུགས་སའི་གནས་མེད་དུས།།
དུག་སྦྲང་འབུ་ནག་འདི་ཚོར་ངོ་ཚ་མེད།།

དག་ཆ་ཡག་པོ་མེད་ན་འདིར་མ་འཕུར།།
བསམ་བློ་དྲང་མོ་མེད་ན་འདིར་མ་རྒྱུགས།།
དོན་ལ་བགྲོ་གླེང་བྱེད་པའི་མི་བུ་སུ།།
དགག་ལན་ཡོད་ན་ཤོག་དང་དགའ་བསུ་ཡོད།།

བསྟོད་པས་གནམ་ལ་འཇོག་པ་མ་བྱས་ཤིང་།།
སྨད་པས་ས་ལ་སྦྱར་བ་མ་བྱས་པར།།
མཁས་པར་བསྟོད་པའི་གླུ་ཆུང་ཤར་མར་བླངས།།
བླུན་པོར་སྨད་པའི་ཧབ་ཆ་ཤུགས་ཀྱིས་གྱེར།།

གསེར་གྱི་འབྲུག་ཅིག་ཡིན་པ་མ་ཤེས་ཀྱང་།།
བླུན་པོ་ངོས་ཤིག་ཡིན་པ་ཤེས་སོང་ལོ།།
སྨྱུག་གུ་འཛིན་པའི་ཕྱག་གཉིས་མ་ངེས་ཀྱང་།།
ཁྱི་སྡེར་ལྔ་ཙམ་ཡོད་པ་ཤེས་སོང་ལོ།།

འབའ་སྲས་མིག་གིས་མཐོང་བ་མ་གྱུར་ཅིང་།།
མཁས་པའི་མཚན་སྙན་གོ་བ་ཉུང་ཉུང་མིན།།
བླུན་པོ་ནོར་གྱི་རྗེས་སུ་འབྲངས་ན་ཡང་།།
དཔྱོད་ལྡན་མཁས་པར་བསྟོད་པ་གཤིས་སུ་གྲུབ།།

༼གསལ་བཤད། ཁ་བརྡ་དྲ་བའི་ཞབས་མཆན་ནས་འདིར་བཏུས།༽