འཚོ་བ།

22/07/2014 17:54

                འཚོ་བ།
འབའ་སྲས།

འཚོ་བའི་སྣེ་མོ་རང་གི་བདེ་སྡུག་ཡིན།།
བདེ་སྡུག་དེ་ཡང་ཕལ་ཆེར་རང་ལ་ཐུག །
གཙོ་བོ་རང་ཉིད་དྲང་ཞིང་བདེན་པ་དགོས།།
འདི་ནི་འཚོ་བ་ཡིན་ལ་མི་ཚེ་ཡིན།།

འཚོ་བ་ཟེར་བ་ཧ་ཅང་ཐག་རིང་མིན།།
ཉི་མ་རེ་བཞིན་རང་དང་འབྲེལ་ནས་ཡོད།།
ཉི་མ་རེ་དང་ཟླ་བ་ལོ་དང་ནི།།
རང་ཉིད་ཁོ་ནར་དབང་བའི་ལོ་ཟླ་ཡིན།།

ཁྱོད་ཀྱིས་ཕར་ལ་ཁོ་ནི་སུ་ཞེས་འདྲི།།
ཁོ་ཡིས་ཁྱོད་ལ་ཁྱེད་རང་སུ་ཡིན་འདྲི།།
ང་དང་ཁྱོད་ཞེས་མིང་བཏགས་མི་འདྲ་ཡང་།།
དོན་ལ་མི་ཡི་ལུས་རྟེན་འདི་ལས་མེད།།

མི་དང་མི་ཡི་བར་ལ་འབྲེལ་བ་དགོས།།
འཚོ་བ་ལས་ཀའི་བར་ན་བརྗེ་རིས་དགོས།།
གཅིག་ཀྱང་མ་བརྗེས་རང་ཉིད་བསྡད་པ་ན།།
མི་ཚེ་གང་བོར་འཚོ་བ་ཁེར་རྐྱང་ཡིན།།

འཚོ་བ་ཁེར་རྐྱང་ཞིག་ནི་ངས་མི་འདོད།།
རང་ཉིད་གཅིག་པུ་འདུག་ལ་ཁྱོད་མི་འདོད།།
ཁྱོད་དང་ང་ནི་ལྷན་དུ་འཛོམས་པ་ན།།
ད་གཟོད་འཚོ་བ་ཞེས་པའི་དོན་དེ་རྙེད།།

འཚོ་བ་ཞེས་པ་ཟ་འཐུང་ཙམ་ཞིག་མིན།།
དེ་ཡང་ཁྱོད་དང་ང་ནི་ཁོ་ན་མིན།།
ཁོ་དང་ཁོང་ཡང་འཚོ་བའི་གྲུབ་ཆ་ཡིན།།
ང་ཚོ་ཚང་མ་ད་གཟོད་འཚོ་བར་གྲུབ།།

འཚོ་བ་འདི་ནི་ཧ་ཅང་རྙོག་འཛངས་ཡིན།།
རྙོག་འཛངས་དེ་ལ་ཧུར་གྱིས་རྩོད་ལེན་དགོས།།
རྩོད་ལེན་མི་བྱེད་ནམ་ཡང་ལེ་ལོ་ཅན།།
འཚོ་བ་ཞེས་པའི་ཁ་དོག་གཞི་མ་གྲུབ།།

དེ་བས་འཚོ་བ་ཅི་ཡིན་ཤེས་པ་དགོས།།
ཤེས་ནས་ལག་ལེན་ཇི་ལྟར་བྱེད་པ་གཅེས།།
ཤེས་ཤིང་ལག་ལེན་ལྷན་ཅིག་བསྡོངས་པ་ན།།
དེ་ནི་ང་དང་ཁྱེད་ཀྱི་འཚོ་བ་ཡིན།།

༠༣/༠༢/༡༤ གློ་བུར་དུ།


Sent from my iPhone

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།