ཡང་བསྐྱར་ངས་ཁྱེད་ལ་སྙན་ངག་འབྲི།
22/07/2014 15:17ཡང་བསྐྱར་ངས་ཁྱེད་ལ་སྙན་ངག་འབྲི།
འབའ་སྲས།
དཀར་གསལ་ཟླ་བ་ཞིག་འཛུམ་སོང་།།
དེ་ནི་ཡིད་འོང་ཁྱོད་མ་རེད།།
མཛེས་པའི་མེ་ཏོག་ཅིག་བཞད་སོང་།།
དེ་ཡང་རོགས་ལོ་ཁྱོད་མ་རེད།།
བདག་གི་སེམས་པ་ཡི་གཡས་ངོར།།
ཉ་གང་ཟླ་བ་ཞིག་ཤར་བྱུང་།།
ཟླ་བའི་དཀྱིལ་འཁོར་ལ་ཅེར་ན།།
ཁྱེད་ཀྱི་ཞལ་རས་དེ་དྲན་ཡོང་།།
གུས་པའི་སྙིང་རྡོག་གི་གཡོན་ན།།
དྲི་ཞིམ་མེ་ཏོག་ཅིག་བཤད་བྱུང་།།
མངར་བའི་དྲི་མ་ཡི་གསེབ་ནས།།
ཁྱེད་ཀྱི་མཛའ་བརྩེ་ལ་རོལ་ཡོད།།
དགུང་གི་ཟླ་བ་དེ་མི་དགོས།།
ས་ཡི་མེ་ཏོག་ཀྱང་མི་མཁོ།།
སེམས་ཀྱི་རྒྱ་མཚོ་ལ་འཛུམ་པའི།།
ཟླ་བ་པདྨ་དེས་ཆོག་ཨང་།།
ཁྱེད་རང་ཕར་ཕར་ལ་མ་ཕེབས།།
ང་ཡང་རིང་རིང་དུ་མི་གྱེས།།
ཁྱོད་དང་ང་རང་གི་གནས་སུ།།
མཛེས་པའི་འཛུམ་མདངས་ཤིག་ལྷག་ཡོད།།
མཛེས་པ་ཚེམས་ཕྲེང་ལ་སྤྲས་ནས།།
ཁ་ཡག་ངོ་དགའ་དེ་མི་དགོས།།
སྙིང་གི་དཀྱིལ་དབུས་སུ་གནས་པའི།།
མཛེས་པའི་མེ་ཏོག་དེ་ཕུལ་རོགས།།
ང་ཡི་ལུས་སྟེང་ན་ཡོད་པ།།
ཤ་ཁྲག་རུས་གསུམ་གྱི་རྟེན་ཡིན།།
གུས་པའི་སེམས་ཁོངས་སུ་འཕྱར་བ།།
བརྩེ་བའི་རྒྱ་མཚོ་ཡི་རླབས་ཡིན།།
མི་ལས་ལུས་རྟེན་གྱི་བདག་པོ།།
ཁྱེད་རང་ཡིན་པ་ཡིས་དགའ་ཡོད།།
ཐང་ཆད་སེམས་པ་ཡི་ནད་ཀྱི །།
སྨན་པ་ཁྱེད་རང་ཡིན་སྤྲོ་ཡོད།།
མཚན་མོའི་གཉིད་དུས་ཀྱི་སྔས་སུ།།
མིག་ཆུས་མཚོ་མོ་ཞིག་བསྐྱིལ་ཡོད།།
མཚོ་སྐྱེས་མེ་ཏོག་ཁྱོད་མིན་ན།།
ཡངས་པའི་རྒྱ་མཚོ་ང་སྐམ་ཆོག །
མཐོན་པོའི་རི་རབ་ཀྱི་རྩེ་ན།།
གསེར་གྱི་ཅོ་ཏོག་ཅིག་བཞེངས་ཡོད།།
གསེར་ལ་འོད་སྣང་ཞིག་ཡོད་ན།།
ནམ་ཡང་བདག་ཕྱོགས་སུ་འཕྲོ་རོགས།།
ལྷ་དར་ལྷ་མཆོག་ལ་འཐེན་ཡོད།།
ལྷ་ལ་རྒྱང་འབོད་ཅིག་བྱས་ཡོད།།
ལྷ་ཁྱོད་བྱིན་རླབས་ཤིག་མཆིས་ན།།
གཡོལ་མེད་བདག་ཉིད་ལ་སྩོལད་ཅིག །
༠༦/༠༣/༠༤ དགོང་མོར།
———
Back