རང་གི་བུ་ཕྲུག་ལ་གདམས་པ།

22/07/2014 15:08

   རང་གི་བུ་ཕྲུག་ལ་གདམས་པ།


འབའ་སྲས།


ཟ་མ་མ་ཟོས་སྔོན་ལ་ལག་པ་ཁྲུས།།

ཟ་བའི་དུས་སུ་སྐད་ཆ་ཉུང་ཉུང་བྱོས།།

ཟོས་ནས་ཚར་རྗེས་ཁ་དང་སོ་ཡང་ཁྲུས།།

ཕ་མས་མ་བཤད་རང་རང་དང་དུ་ལོངས།།


ཀ་ར་མངར་མོ་ཟ་རྒྱུ་ཉུང་ཉུང་དང་།།

ཤ་ཚིལ་སྣུམ་རིགས་སྤྱོད་པ་གཏན་དུ་སྤོངས།།

ཤིང་ཏོག་སྐྱ་ཟས་རིགས་ལ་དགའ་བར་བྱོས།།

རྗེས་ཕྱོགས་ནད་རིགས་མི་འབྱུང་འཕྲོད་བསྟེན་བཟང་།།


ཕ་མར་སྐད་ཆ་བཤད་དུས་བོད་སྐད་ཤོད།།

ཕ་མའི་གདོང་ལ་ལྟ་དུས་འཛུམ་མདངས་སྟོན།།

ཕ་མས་ཅི་བགོས་བྱ་བ་དགའ་བས་སྒྲུབས།།

ཕ་མའི་ཁ་ལེན་ཚིག་བརྩི་ཡ་རབས་དགོས།།


ཞོགས་པ་སྔ་མོར་ལངས་རྒྱུར་གོམས་པར་བྱོས།།

དགོང་མོར་དུས་ཚོད་ལྟར་དུ་ཉལ་རྒྱུར་བརྩོན།།

དུས་ཚོད་མང་ཤོས་སློབ་སྦྱོང་ཕྱོགས་ལ་ཐོངས།།

རྩེད་མོ་རྩེད་ཆས་དག་ལ་མགོ་མ་གཡེང་།།


སློབ་སྦྱོང་ཡི་གེ་འབྲི་དུས་རིག་པ་སྒྲིམས།།

དགེ་རྒན་ཅི་བཤད་མ་བརྗེད་སེམས་ལ་ཟུངས།།

ལམ་ནས་ཡར་མར་འགྲོ་དུས་སེམས་ཆུང་དགོས།།

ཆང་བཟི་རྐུན་མ་དག་ལ་མཉམ་པར་ཞོག །


ཕྱི་ལ་འགྲོ་དུས་ཕ་མར་སྐད་ཆ་དྲིས།།

ནང་ལ་བསླེབས་ན་ཕ་མར་ཤེས་ཀི་ཆུགས།།

ཕྱི་ནང་གང་དུ་ཡོད་པ་མི་ཤེས་པའི།།

རྐུན་མའི་འགྲོ་ལུགས་ཁྱིམ་ཚང་ནང་དུ་སྤོངས།།


ཕུ་ནུ་མིང་སྲིང་བར་ལ་མཛའ་བརྩེ་དང་།།

སློབ་གྲོགས་དགེ་རྒན་ལ་ནི་བརྩི་བཀུར་བྱོས།།

ཡ་རབས་ཡོན་ཏན་མ་བསླབས་མི་གོམས་ལ།།

ངན་པ་དག་ནི་མ་སྦྱངས་ན་ཡང་ཤེས།།


བཟང་བའི་ཡོན་ཏན་མང་ན་གཞན་གྱིས་བསྟོད།།

ངན་པའི་བྱ་བ་གཅིག་གིས་རང་ཉིད་བརླགས།།

ནམ་ཡང་རང་ཉིད་བརླག་པར་མི་བྱ་བའི།།

བཟང་བའི་ཡོན་ཏན་སྦྱོང་ལ་ཆུང་ནས་བརྩོན།།


མདོར་ན་ཟ་སྟངས་ཉལ་སྟངས་བཤད་སྟངས་དང་།།

འགྲོ་སྟངས་འདུག་སྟངས་ཡ་རབས་བྱེད་སྟངས་སོགས།།

ཨ་ཕས་སྙིང་ནས་བུ་ལ་གདམས་པ་ཡིན།།

སེམས་ནས་བརྗེད་ན་མི་ཆོག་གོ་སོང་ངམ།།


༡༤/༠༥/༡༤ ཕྱི་དྲོར་བུ་ལ་བསླབ་བྱ་བརྒྱབས་པའི་སྐད་ཆ་དག་ཡིག་ངོར་ཕབ། 



Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།