རང་རྣམ་ཚིག་བདུན་མ།

23/08/2011 20:17

 


ལྟེ་ཁྲག་འཕོ་སའི་ཕ་ཡུལ་ཨ་མདོ་དང་།།
རིག་སྟོབས་རྒྱས་ས་རྒྱ་གར་འཕགས་པའི་ཡུལ།།
ད་ལྟའི་སྡོད་གནས་ཕྱི་རྒྱལ་ཧྥ་རན་སི།།
ལོ་རྒྱུས་སྙིང་བསྡུས་མ་གསང་སྲོང་བོར་བརྗོད།།

དྲིན་ཅན་ཕ་མས་མིང་ལ་རྟ་མགྲིན་བཏགས།།
རྩ་བའི་བླ་མས་བསམ་གཏན་རྒྱ་མཚོ་བསྩལ།།
མི་གཅིག་མིང་གཉིས་བྱུང་བའི་ལོ་རྒྱུས་འདི།།
དེ་རིང་བཤད་ན་ང་རང་ངོ་ཡང་ཚ།།

ཁ་སྒང་སྡེ་ནས་ཀ་ཁ་ག་ང་སྦྱངས།།
སུམ་མདོ་རྫོང་ནས་སུམ་རྟགས་དག་སུམ་བསླབས།།
ལྡི་ཚ་དགོན་དུ་རྭ་བསྡུས་བསེ་བསྡུས་བརྩད།།
རིག་པ་སྦྱངས་པའི་ལོ་རྒྱུས་འདི་ལས་མེད།།

གོར་མོའི་གྲོང་ནས་ལག་གི་སྒོར་མོ་བོར།།
ནག་ཆུ་བརྒྱུན་ནས་ཁ་ངོ་ནག་པོ་ཆགས།།
ལྷ་སར་ཐོན་ནས་གྲྭ་བ་སྐྱ་སར་བབས།།
ལམ་གྱི་ཆག་སྒོ་འདི་གསུམ་བདེན་པ་ཡིན།།

རཱ་ཇི་པུར་ནས་རིམས་གདན་སྐུད་པས་འཐག །
ཀ་ལེ་སྦུག་ནས་ཀ་རས་བརྔན་པ་བཟོས།།
མན་ལོར་སྲང་ནས་ཤ་ཡི་མོག་མོག་བཙོངས།།
དཀའ་སྡུག་ཚོང་ལས་གཉེར་བའི་རྔུལ་ཆུ་མང་།།

གསོག་སྒར་སོང་ན་སློབ་མའི་སློབ་དཔོན་དང་།།
མན་ལོར་ཡོང་ན་ཟ་ཁང་སྦྱིན་བདག་ཡིན།།
ལམ་ནས་འགྲོ་སྐྱེད་སྦག་སྦག་དཀར་ལྡང་ཞིག །
འཚོ་བ་སྐྱིད་པོའི་ལམ་འགོ་འདི་ནས་བཙུགས།།

ད་ལྟ་ཧྥ་རན་སི་ཡི་རྒྱལ་ས་རུ།།
བྲེལ་བ་ཆེ་བའི་ལས་ཀའི་བར་གསེང་ནས།།
དྭངས་མོ་སེམས་ན་དྲན་པའི་ཚོར་བ་དག །
སྙན་མོ་དབྱངས་ལ་སྦྱར་བཞིན་བསྡད་ཡོད་ཙམ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།