རོལ་དབྱངས་དུས་ཆེན་གྱི་མཚན་མོ།

23/06/2013 21:24

      རོལ་དབྱངས་དུས་ཆེན་གྱི་མཚན་མོ།

 
 
རོལ་དབྱངས་དུས་ཆེན་ཡིན་པ་ཐོས་མ་ཐག །
ཆུང་མར་ཁ་པར་བཏང་ནས་དགོངས་པ་ཞུས།།
ཞི་མོ་ཞིག་ལ་འགྲོ་འམ་སྐད་ཆ་དྲིས།།
མི་འགྲོ་བཤད་སོང་ང་རང་གཅིག་པུ་ཆས།།
 
མ་སོང་སྔོན་ལ་ཤེལ་སྒོའི་ནང་ལ་བལྟས།།
གསར་ཡག་མེད་ཀྱང་ཅིག་ཅིག་ཆོག་གི་སྙམ།།
མགོ་སྐྲ་ཉུང་ཉུང་དེ་ཡང་གཙང་མར་བཀྲུས།།
སྟོད་གོས་རྟགས་ཅན་དཀར་པོ་ལུས་ལ་གྱོན།།
 
སྲང་ལམ་ཆེ་ཆུང་ཚང་མ་མི་ཡིས་ཁེངས།།
ཟ་ཁང་ཚོང་ཁང་ཚང་མ་འཚང་ཁ་ཆེ།།
གསར་བུ་གསར་མོ་འཁྱུད་པའི་ལྟད་མོ་ཡག །
ང་ཡིས་ཅི་བྱེད་མ་ཤེས་ལངས་ནས་བསྡད།།
 
ནམ་ལ་བལྟས་ན་ནམ་མཁའི་སྐར་མ་ཡག །
གྲོང་ལ་བལྟས་ན་གྲོང་ཁྱེར་གློག་འོད་གསལ།།
འགྲམ་ལ་བལྟས་ན་འགྲམ་གྱི་ཞི་མོ་ཡག །
གང་ལ་བལྟས་ན་མཛེས་སྡུག་ཉིད་དུ་གྲུབ།།
 
མཛེས་མ་ཞིག་གི་ཆེད་དུ་བཤད་ཀྱང་ཆོག །
སྙན་ངག་ཅིག་གི་ཆེད་དུ་རློམ་ཡང་ཆོག །
གངས་ཅན་བོད་ནས་ཡོང་བའི་བུ་རྒོད་ང་།།
དེ་དགོང་རང་ང་འདུག་ན་ང་ཡི་སྐེ།།
 
མགོ་སེར་མཛེས་མ་ཞིག་ལ་མིག་བརྡ་བྱས།།
ཁྲོ་བའི་རྣམ་འགྱུར་གསལ་བའི་མིག་ལོག་ལྟ།།
མི་ནག་བུ་མོ་ཞིག་ལ་ལག་བརྡ་བྱས།།
གད་མོ་དགོད་ཞོར་མཛུབ་མོ་དཀྱིལ་མ་སྟོན།།
 
སྤྱང་ཀི་ཤ་གཟན་ཅན་ལ་ཤ་ཞིག་དགོས།།
བོད་ཕྲུག་རྩམ་པར་དགའ་ལ་ནས་ཤིག་མཁོ།།
ཤ་དང་རྩམ་པ་ཟ་སྐལ་འདི་ན་མེད།།
ས་ཆ་གཞན་ལ་མི་འགྲོ་ཐབས་མེད་བྱུང་།།
 
ཆང་གིས་བཟི་བའི་གོམ་པ་གཞན་ལ་སྤོས།།
ཁེར་རྐྱང་ཡིན་པའི་སྡུག་གླུ་ཁོག་ནས་གྱེར།།
སྐྱོ་བཞིན་འགྲོ་བཞིན་ལམ་དེ་དེད་ནས་སོང་།།
བཞི་མདོ་ཆེན་པོ་ཞིག་གི་མི་ཚོགས་རྙེད།།
 
བཞི་མདོ་དེ་ནི་འདོད་པའི་འཇིག་རྟེན་ཁམས།།
འཁྱུད་དང་འོ་བྱེད་ལོངས་སྤྱོད་འདི་ན་མཆིས།།
ལ་ལས་སྙིང་ཁ་སྦྱར་ནས་འོ་བྱེད་ཅིང་།།
ལ་ལས་དབང་བོ་གཏུགས་ཏེ་འཁྱུད་བཞིན་འདུག །
 
རང་ང་ལངས་ཏེ་བསྡད་ན་དེ་མ་རེད།།
གཞན་ལ་བལྟས་ནས་བསྡད་ན་དེ་མ་རེད།།
ཐ་མག་མེ་ཞིག་སྒྲོན་ན་དེ་མ་རེད།།
ཡང་བསྐྱར་ཆང་ཞིག་བཏུང་ན་དེ་མ་རེད།།
 
མགོ་སེར་བུ་མོ་ཞིག་གི་ཉེ་འགྲམ་ལ།།
བཅར་དགོས་བསམ་ཡང་དབུགས་ཁ་སྟོད་ལ་འཚང་།།
རྒྱ་མོ་ཞིག་གི་མདུན་ལ་འགྲོ་འདོད་ཀྱང་།།
རྒྱ་སྐད་མི་ཤེས་ཁ་བརྡ་ཅི་ལྟར་བྱེད།།
 
ཅི་ཞིག་བྱེད་དགོས་མ་ཤེས་སྐབས་ཐོག་དེར།།
མགོ་སེར་གཞོན་ནུ་མ་ཞིག་ཡོང་ནས་འདྲི།།
ཁྱོད་ནི་མི་རིགས་འཇར་པན་ཡིན་ནམ་ཟེར།།
འཇར་པན་མིན་ལ་རྒྱ་མི་མིན་ཞེས་བཤད།།
 
འོ་ན་ཁྱོད་ནི་མི་རིགས་གང་ཞིག་ཡིན།།
ང་ལ་བཤད་ན་ཆོག་གམ་སྐུ་ཞབས་ཟེར།།
ང་ནི་མི་རིགས་གངས་ཅན་བོད་པ་ཡིན།།
བོད་པར་དགའ་བོ་ཡོད་དམ་བདག་གིས་དྲིས།།
 
བོད་པར་དགའ་ཞིང་བོད་ལ་འགྲོ་མྱོང་ཡོད།།
དེ་དགོང་ཁྱོད་དང་མཇལ་བ་ཧ་ཅང་དགའ།།
ཁྱོད་ཀྱི་རྩེད་རོགས་བྱས་ན་འགྲིག་གམ་ཞེས།།
འདྲི་བཞིན་མཛེས་པའི་འཛུམ་མདངས་བདག་ལ་སྟོན།།
 
དོན་གྱིས་བོད་ལ་དགའ་བ་གང་ཤེས་མོད།།
དེ་དགོང་རྩེད་རོགས་ཉན་ན་དེ་ཡིས་འགྲིག །
བདག་གིས་འགྲིག་ཅེས་སྐད་ཆ་མ་བཤད་པར།།
འཇམ་གཉེམ་ལག་པའི་ནང་ལ་ལག་པ་བཞག །
 
དགོང་གི་ཟླ་བས་ས་ལ་ལྟ་ཞིང་དགོད།།
ས་ཡི་མི་དག་དེ་བཞིན་དགོད་ཅིང་འཕྱ།།
གནམ་ས་སྒུལ་བའི་ངོ་མཚར་ལྟད་མོ་ཞིག །
རོལ་དབྱངས་དུས་ཆེན་མཚན་མོར་བདག་གིས་བསྟན།།
 
ཅི་བྱས་ཡི་གེར་འགོད་ལ་སྐྱེངས་ཏེ་བཞག །
ཕྱི་གསལ་ནང་གསལ་མ་བྱས་བསྡུས་ཏེ་བྲིས།།
ཇི་བཞིན་བརྗོད་པའི་ལེ་འུ་དམར་པོ་ཞིག །
གལ་སྲིད་བཀླག་འདོད་ཡོད་ན་གཞན་དུ་འབྲི།།
 
ནམ་མཁའ་ལངས་སོང་ཆང་གིས་བཟི་ཡང་དྭངས།།
བུ་མོ་དེ་ཡང་ཁྱིམ་དུ་ལོག་ཅེས་སྐུལ།།
རང་ཡང་ནང་དུ་བསླེབས་ནས་མལ་སར་འཛུལ།།
ང་ཡིས་འབྲི་བཞིན་སྙན་ངག་འདི་ནས་རྫོགས།།
 
༢༢/༠༦/༡༣
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།