རྒུན་འབྲུམ་ཆང་གི་འཕྲིན།
01/07/2011 20:03
- རྒྱ་གར་དུ་སློབ་ལ་བརྩོན་པའི་གྲོགས་པོ་ཞིག་ལ།
ཡུན་རིང་མཉམ་གཤིབ་ཁྲོད་ནས་སྤྱོད་པ་མཐུན།།
རིག་པའི་བགྲོ་གླེང་ཁྲོད་ནས་ལྟ་བ་མཐུན།།
མཐུན་པ་སྤུན་བཞིན་འདྲ་བའི་བདག་གི་གྲོགས།།
སྙུ་གུ་ཤོག་བུ་ལྷན་དུ་བདེ་ལགས་སམ།།
ཁོ་བོ་ཕྱི་གླིང་ཡུལ་གྱི་གྲོང་ཁྱེར་ནས།།
སྐྲ་སེར་བུ་མོའི་གཟུགས་ལ་ལྟ་ཞོར་དུ།།
སེམས་པ་དམར་པོའི་སྙན་ངག་འབྲི་ཞོར་དུ།།
ངོ་གདོང་ནག་པོ་འཛུམ་གྱིས་ཁེངས་བསྡད་ཡོད།།
འདི་ན་ཐམས་ཅད་འབྱོར་བའི་གླིང་དུ་རྒྱུགས།།
བདག་ནི་ད་དུང་སྙན་ངག་གྲོང་དུ་ལུས།།
འབྱོར་བའི་ཁང་ཆེན་ཞིག་གི་རྐུབ་སྟེགས་ལས།།
སྙན་ངག་སྦྲ་རྒན་ནང་གི་པགས་གདན་སྐྱིད།།
སྲིད་པའི་འབྱོར་བའི་ཁྲི་ལ་མི་བཞུགས་པར།།
སི་ཏའི་ལང་ཚོ་རྒྱས་ལ་ཆགས་པ་ཡིས།།
དབེན་པའི་ནགས་སུ་སྡོད་པའི་རཱ་མ་ན།།
ཁོ་བོས་སྙན་ངག་འབྲི་བའི་ཚུལ་འདིར་མཐོང་།།
འདི་ནི་ཁ་ནས་ཤོར་བའི་འཕྲོས་བཤད་ལས།།
དེ་རིང་འཕྲིན་དུ་བཀོད་པའི་སྙིང་བོ་མིན།།
ཡུན་རིང་མ་ཐུག་འཕྲིན་གྱི་བྱ་མ་རྟ།།
བདག་གི་སོར་མོའི་རྩེ་ནས་ད་ལྟ་འབྲི།།
ཟླ་བ་འདི་ཡི་ཚེས་པ་ཉི་ཤུ་ཉིན།།
ཆབ་བྲག་ཕོ་ཉ་རྒྱ་གར་འཕུར་རབ་ཐོས།།
གལ་སྲིད་བདེན་ན་རྒུན་འབྲུམ་དམར་པོའི་ཆང་།།
ཤེལ་དམ་གཉིས་ཙམ་ཁྱེད་ལ་སྐྱེས་སུ་བསྐུར།།
བདག་གི་ལུས་ཕུང་དམར་པོ་ཆང་དང་འདྲེས།།
བདག་གི་སྙན་ངག་ཆང་གི་གསེབ་ན་ཡོད།།
ཁམ་གང་འཐུང་ན་བདག་གི་གཟུགས་བརྙན་ཤར།།
ཡང་ཡང་བཞེས་དང་བདག་གི་གླུ་སྐད་ཐོས།།
རྒུན་འབྲུམ་ཆང་དམར་བཏུང་ནས་གླུ་ཞིག་ལོངས།།
སྙན་མོ་དབྱངས་ལ་སྦྱོར་ལ་རྩོམ་ཞིག་ཕྲིས།།
སེམས་པ་ལྷོད་ལ་བབས་ནས་གཏམ་ཞིག་ཤོད།།
རྒུན་འབྲུམ་ཆང་གིས་སྙན་པའི་ངག་སྒོ་འབྱེད།།
བདག་ལ་མང་པོ་མེད་ཀྱང་སེམས་པ་ཙམ།།
མཚོན་པའི་ཕྱིར་དུ་ཡོབ་སྒོར་ལྔ་བཅུ་བསྐུར།།
མཛེས་མ་ཞིག་གི་ལང་ཚོ་ཉོ་བྱེད་དང་།།
ཇ་ཐུན་གཅིག་གི་ཟ་མའི་ཁ་སྣོན་བྱོས།།
པ་མགོ་ང་ལ་ཆེན་པོ་མེད་ན་ཡང་།།
ངེད་གཉིས་བར་ལ་མཛའ་བརྩེ་རི་བོ་ཡོད།།
མཐོན་པོ་རི་བོ་སྒང་གི་ལ་རྩེ་བཞིན།།
སེམས་པའི་གཅེས་སུ་འདེགས་པའི་རེ་བ་ཆེ།།
ཁོ་བོ་འདི་ནས་ཚེ་སྲོག་མ་ཆད་ན།།
ནམ་ཡང་ཁྱོད་ཀྱི་ཕྱོགས་ལ་རྒྱང་ལྟ་བྱེད།།
ཁྱོད་ཀྱིས་སློབ་ལ་བརྩོན་པའི་འབད་པ་ཡང་།།
ད་དུང་མེ་ལྕེ་བཞིན་དུ་མཆེད་པར་མཛོད།།
ཕ་མ་གཅིག་གི་ཕུ་ནུ་མིན་ན་ཡང་།།
ཡུལ་ལུང་གཅིག་གི་མགོ་རྔ་མིན་ན་ཡང་།།
ས་མཐའ་ཞིག་གི་འཚོ་བའི་སྣེ་མོ་ནས།།
སྐྱིད་སྡུག་མཉམ་འཁུར་བྱས་པའི་ལོ་རྒྱུས་རིང་།།
སྐྱིད་པའི་ཚེ་ན་ཇ་ཆང་འཐུང་རོགས་དང་།།
སྡུག་པའི་ཚེ་ན་དཔུང་བ་ངོམས་རོགས་ཁྱོད།།
ཕ་མ་གཅིག་ལས་སྐྱེས་པའི་སྤུན་འདང་དང་།།
ཤ་ཉེ་ཞིག་གི་སེམས་པ་བདག་ལ་མཆིས།།
རྒུན་འབྲུམ་ཆང་དམར་ཤེལ་དམ་གཉིས་པོ་དང་།།
ཡོབ་སྒོར་ལྔ་བཅུ་བསྐུར་བའི་ངོ་སོ་ལ།།
མང་པོ་བཤད་ན་གྲོགས་ཁྱོད་མི་དགའ་བས།།
བྱ་མ་རྟ་འདི་འདི་ནས་མཚམས་འཇོག་བྱ།།
རྒུན་འབྲུམ་ཆང་དམར་འཐུང་བའི་ཚོར་བ་ཞིག །
ཡོབ་སྒོར་ལྔ་བཅུ་བསྐུར་བའི་འཚོ་བ་ཞིག །
བདག་གིས་སྤྲིངས་པའི་འཕྲིན་ལ་ལོན་པ་ཞིག །
ཅིས་ཀྱང་དགོས་སོ་བདག་གི་གྲོགས་པོ་ལགས།།
Tags:
———
Back


