རྟགས་ཙམ་འཛིན་པའི་གྲྭ་བ།

28/06/2011 19:49

 ༼གྲྭ་ལོག་འགར་སྡིགས་པ་ཞེས་པའི་ལན་དུ།༽

 


སྐྱེས་པ་གཅིག་གི་ལུས་པོ་དབེན་པར་གནས།།
སེམས་ཀྱི་འདུ་རྒོད་ཞི་བའི་དབྱིངས་ལ་འཐིམས།།
ཚུལ་ཁྲིམས་ཡང་དག་འཛིན་པའི་དགེ་འདུན་སྡེ།།
སྐྱེ་བ་ཀུན་ཏུ་ལུས་ངག་ཡིད་ཀྱིས་བཀུར།།

 

དགོན་པའི་འདུ་ཁང་ནང་ནས་གྲོང་ལ་ཆགས།།
དམར་བོའི་གཟན་ཤམ་འོག་ནས་འཁོར་བ་སྒོམ།།
ཆོས་དང་འཇིག་རྟེན་གང་ལ་མི་ངེས་པ།། 
བཀུར་དགོས་གསུངས་པ་ནང་པའི་ཆོས་ལ་མེད།།

 

སེར་མོ་ཡིན་ན་ཆོས་པ་རྣམ་དག་ཅིག །
དེ་ལྟར་མིན་ན་ཁྱིམ་པ་ངོ་མ་ཞིག །
སྐྱ་མིན་སེར་མིན་ཅི་ཡིན་མི་ཤེས་པ།། 
དགེ་འདུན་སྡེ་ཞེས་ནང་པའི་ཆོས་ལ་མེད།། 

 

མཛེས་མ་རིག་ན་སྡོམ་པ་ཤོར་ལ་ཁད།། 
སྒོར་མོ་མཐོང་ན་བསྣམས་བཟའ་འཚོང་ལ་ཁད།། 
རྒྱ་ཁ་གྲོང་ཁ་དྲན་ན་རྒྱུག་ལ་ཁད།།
དགེ་འདུན་སྡེ་ལ་གནོད་ལས་ཕན་པ་གང་།། 

 

དམར་དམར་གོས་ཤིག་གོན་ནས་དགོན་ལ་སོང་།། 
ཙག་ཙིག་ཚོང་ཞིག་འཁྱེར་ནས་གྲོང་ལ་རྒྱུགས།།
ལག་པའི་མགོ་ལ་དཀྱུས་པའི་ཕྲེང་རྡོག་བརྒྱ།། 
སྒོར་མོ་ཁ་གྲངས་གསོག་བྱེད་ག་ལ་ཡིན།། 

 

མི་འདོད་ན་ཡང་ངོ་ཚ་ཨུ་ཚུགས་ཀྱིས།། 
དགེ་འདུན་གནས་ནས་འདུག་དགོས་ཅི་ལ་ཐུག ། 
གཉེན་ཞིག་བསྒྲིག་ནས་ཆུང་མར་བུ་ཕྲུག་གཅིག ། 
སྐྱེ་བར་ཐུབ་ན་དེ་ཡིས་བོད་ལ་ཕན།། 

 

གྲྭ་བ་ཞིག་གི་མིང་ཞིག་ཡོད་ན་ཡང་།། 
རྒྱུད་ན་སྡོམ་པ་ཡོད་མེད་མི་ཤེས་པའི།། 
དེ་འདྲ་ད་དུང་དགོན་པར་འདུག་པ་ལས།། 
ཁ་གསལ་གཏིང་གསལ་གྲྭ་ལོག་བྱས་ན་ལེགས།། 

 

གྲྭ་བ་ལོག་པས་ཆོས་ལ་མི་སྐྱོན་ལ།། 
ཁྱིམ་ཚང་བཟུང་བས་དགོན་པར་ག་ལ་སྐྱོན།། 
བློ་ལྡན་རི་བོང་བྱ་རོག་མཆུ་ཏོ་ཅན།། 
དགེ་འདུན་སྡེ་ནས་བསྡད་ན་ཆོས་ལ་སྐྱོན།། 

 

སྟོན་པའི་བསྣམས་བཟའ་རྒྱབ་ནས་ཡོད་ཡོད་ལ།། 
བུ་ཡི་ཕ་རུ་གྱུར་བའི་སྐད་ཆ་མང་།། 
ཨ་ཕ་བྱེད་ན་འདོད་ན་གྲྭ་ཆོས་ཕུད།། 
གྲྭ་བ་བྱེད་ན་འདོད་ན་བུད་མེད་སྤོངས།།

 

སྐྱབས་གནས་དགེ་འདུན་ཞིག་གི་མཚན་ཡང་དགོས།། 
གྲོང་གི་བུད་མེད་ཅིག་གི་གྲོགས་ཀྱང་དགོས།། 
སྐྱ་སེར་གཉིས་ཀྱི་ཁེ་སང་ཟ་ཆོག་པའི།། 
སངས་རྒྱས་ཆོས་ལ་དེ་འདྲའི་སྐྱིད་པོ་མེད།། 

 

འདོད་པའི་སྐྱོ་བ་ཁོག་ནས་མ་བཞུས་པས།། 
གཞོན་ནུའི་བརླ་ལ་བསྟེན་ནས་སྐྱོ་བ་སངས།། 
དགོན་པའི་ནང་གི་དུ་བའི་དུ་ཁུང་དེ།། 
གྲྭ་ལོག་ཚོ་ཡི་སྐྱོན་ཆ་ཡིན་ནམ་ཅི།། 

 

 

གྲྭ་བ་ཞིག་གིས་བཙུན་མ་ལོ་ཆུང་ཞིག ། 
མགྲོན་ཁང་ཞིག་ནང་སྐྱིད་པོ་བཏང་པ་ཡི།། 
བརྙན་སྡེར་ས་ཁྱབ་རྡོ་ཁྱབ་སོང་བ་ཡང་།། 
གྲྭ་ལོག་ཚོ་ཡི་སྐྱོན་ཆ་ཡིན་ནམ་ཅི།། 

 

གྲྭ་བ་ཡང་དག་མིན་པའི་གྲྭ་གཟུགས་ཚོས།། 
བཙུན་པ་རྣམ་དག་མཚན་ལ་གནོད་པ་ལས།། 
སངས་རྒྱས་བསྟན་པ་རྒྱས་ལ་མི་ཕན་པས།། 
བུ་ལོ་ཞིག་གི་ཕ་ལོ་བྱས་ན་ལེགས།། 

 

སྦལ་པ་ཁྲག་ཅན་གཅིག་གིས་དྭངས་པའི་མཚོ།། 
བཙོག་པར་འགྱུར་ཞིང་གཞན་ལ་གནོད་འགྱུར་ཞེས།།
ནང་པའི་ཆོས་ལས་གསུངས་པའི་དཔེར་བརྗོད་དེ།།
གྲྭ་གཟུགས་འཛིན་པ་དག་ལ་དམིགས་ནས་བཞག ། 

 

དགོན་པའི་ནང་ནས་གྲོང་གི་གླུ་གཞས་གྱེར།། 
གྲོང་ལ་སླེབས་དུས་ཆོས་ཀྱི་དབྱངས་རྟ་འགུག ། 
དགོན་གྲོང་བར་གྱི་བན་གཟུགས་མགོ་གཉིས་མ།། 
སངས་རྒྱས་བསྟན་པའི་དགྲ་བོ་མིན་ན་ཅི།། 

 

སངས་རྒྱས་བསྟན་པའི་དགྲ་བོ་ཕྱི་རོལ་ཞེས།། 
རྒྱང་འཕེན་པ་དང་ཁ་ཆེ་གཅེར་བུ་བ།། 
གཅིག་བུ་མིན་ནོ་གྲྭ་གཟུགས་འཛིན་པ་དག ། 
སངས་རྒྱས་བསྟན་པའི་དགྲ་བོའི་དཔོན་པོ་ཡིན།། 

 

གྲྭ་བ་ལོག་ཀྱང་སེམས་པ་རྣམ་དག་ཡིན།། 
གྲྭ་ཆོས་ཕུད་ཀྱང་དད་པ་རྩེ་གཅིག་ཡིན།། 
སེམས་པ་རྣམ་དག་མིན་པའི་གྲྭ་གཟུགས་ཚོ།། 
ཡིད་ཀྱི་ཉེས་པ་ལས་ཀྱིས་ལྕོགས་ཚོད་མེད།། 

 

དགོན་པའི་དགེ་བསྐོས་ཞལ་ངོ་བླ་མ་ལགས།། 
སྐྱ་མིན་སེར་མིན་གྲྭ་གཟུགས་འཛིན་པ་ཚོ།། 
དགོན་པའི་ནང་གི་གསོ་ཕག་མ་བྱེད་ཅིག ། 
ད་ལྟ་ཉིད་དུ་གྲོང་ལ་རྒྱང་ཕུད་བྱོས།། 

 

སྤྱོད་པ་རྣམ་དག་ཕྱི་ཡི་ཀུན་སྤྱོད་མཛེས།། 
སེམས་པ་རྣམ་དག་ནང་གི་ཚུལ་ཁྲིམས་གཙང་།། 
བྱས་པ་རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར།། 
དགེ་འདུན་ཚོགས་ལ་ནམ་ཡང་དད་པ་བརྟན།། 

 

གྲོང་བ་ཁྱིམ་པས་བལྟས་ན་གྲྭ་བ་ཡིན།། 
རྣམ་དག་གྲྭ་བས་གཟིགས་ན་ཁྱིམ་པ་ཡིན།། 
དགོན་གྲོང་གཉིས་ཀར་འཚང་བའི་ལུས་གཉིས་ཚོ།། 
ནན་གྱིས་བཙིར་ཡང་དད་པ་མ་སྐྱེས་ཐལ།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།