རྡ་ས། བརྩེ་དུང་གི་ཁྱིམ་ཆུང་ཕུག་ས།

25/11/2011 18:01

རྡ་སའི་རི་བོ་ཆུང་ཆུང་དྲིན་ཆེན་པོ།།
འཇིག་རྟེན་བརྩེ་བ་ཐོག་མ་བརྙེད་ས་དང་།།
ཁྱིམ་ཆུང་ཞིག་གི་སྒོ་མོ་འབྱེད་ས་ཡིན།།

ཨ་མདོའི་བུ་མོར་དགའ་ནས་མིག་ཆུ་ཤོར།།
ལྷ་སའི་བུ་མོར་དུངས་ནས་བརྩེ་བ་བྱིན།།
ཐ་མ་རྔ་མ་ཁམས་པའི་བུ་མོར་ཁེན།།

ཨ་མདོའི་ཡུལ་ནས་ཡོང་བའི་ཁེར་རྐྱང་བུ།།
ཕ་ཡུལ་ཁམས་སུ་གཏོགས་པའི་བུ་མོ་གཉིས།།
རྡ་སའི་རི་བོའི་རྩེ་ནས་བརྩེ་བ་ཆགས།།

གཅིག་སེམས་གཅིག་ལ་ཤོར་བའི་རྡ་ས་ནས།།
ཧུན་སྒོར་ལྔ་བརྒྱ་དགོས་པའི་ཁང་ཆུང་དེར།།
འཇིག་རྟེན་བརྩེ་བའི་འོ་ཇ་ཐོག་མར་འཐུང་།།

ལུག་ཤ་ཞིག་གི་རྐང་པ་མ་ཁུག་ཀྱང་།།
བྱ་ཤ་ལག་གཡས་ཤིག་གི་ཁ་ཟས་དེ།།
ཁ་ནང་འཇོག་རེས་བྱས་པས་ཞིམ་པ་ལ།།

ཡོད་ན་ཉོ་རྒྱུ་མང་བའི་ཁྲོམ་ར་དེར།།
མེད་ན་ཅི་ཡང་མི་བརྙེད་ལམ་ཁ་དེར།།
ལག་སྟོང་ལག་འཇུའི་སེམས་པ་དྲོ་བ་ལ།།

ཟ་ཁང་ཚོང་ཁང་དག་གི་སྒོ་ཁ་ནས།།
ནང་ལ་རེ་རེ་བལྟས་ནས་འགྲོ་ཞོར་དུ།།
རྗེས་མར་ཉོ་ཆོག་ཚིག་འདི་སྙན་པ་ལ།།

ཕྱུག་པོས་མིག་ལོག་ལྟ་སའི་རི་ངོགས་ནས།།
དབུས་བོས་ལག་པ་སྲིང་སའི་ལམ་ཁ་རུ།།
མཉམ་འགྲོ་མཉམ་འདུག་ཚུལ་དེ་སྐྱིད་པ་ལ།།

བོད་ཀྱི་སྐུ་དྲག་རྣམ་པའི་མདུན་དྲུང་ནས།།
རྒྱ་གར་སྦ་སྦོ་ཚོ་ཡི་བསྔན་ཚོ་ནས།།
སྡུག་གི་གདོང་པ་མ་བླུག་ངར་བ་ལ།།

གཞི་ཆགས་མཛེས་མ་དག་གི་མིག་མདུན་ནས།།
རྒྱ་གར་ཕོ་སར་མང་པོའི་ལག་འོག་ནས།།
བརྩེ་བའི་འཛུམ་ལོ་མ་སྐམ་བརྟན་པ་ལ།།

འཁོར་བའི་གྲོང་གི་ཐབ་ཀ་དྲོན་པོ་ཞིག །
འཇིག་རྟེན་སྣང་བའི་འཛུམ་མདངས་ངོ་མ་ཞིག །
རྡ་སའི་རི་བོ་རྩེ་ནས་ཐོག་མར་བརྙེད།།

༼ འདི་དེབ་ནང་དུ་འགོད་མི་དགོས། རང་ང་བསྐུར་ནི་ཡིན།༽

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།