རྣམ་དབྱེ་གཉིས་པ་དང་བཞི་བ།
22/07/2014 15:42རྣམ་དབྱེ་གཉིས་པ་དང་བཞི་བ།
འབའ་སྲས།
རྣམ་དབྱེ་གཉིས་བཞི་གནའ་ནས་དེ་རིང་བར།།
མཁས་པ་རྣམས་ཀྱིས་རྩོད་པའི་གཞིར་གྱུར་ན།།
བླུན་པོ་ཁྱོད་ཚོས་ཐག་གིས་མི་ཆོད་ཅེས།།
ང་དང་ང་འདྲར་སྡིག་པ་ཤིན་ཏུ་བླུན།།
རི་དྭགས་ལས་ནི་གླ་རྩི་ལེན་པ་བཞིན།།
བླུན་པོའི་སྐད་ཆའི་ནང་དུ་བདེན་པ་བརྙེད།།
དེ་བས་བླུན་པོ་ང་ཡི་གཏམ་ཉོན་དང་།།
རྣམ་དབྱེ་གཉིས་པ་བཞི་བའི་དབྱེ་བ་ཤེས།།
དགོས་པ་ཡོད་ན་དེ་ནི་དགོས་ཆེད་དང་།།
དགོས་པ་མེད་ན་ལས་སུ་བྱ་བ་ཞེས།།
སྤྱི་བཤད་ཙམ་གྱིས་ཐེ་ཚོམ་མི་ཆོད་པས།།
ལ་དོན་ཕྲད་ཡིག་རེ་ལ་ཤིན་ཏུ་སོམས།།
སུ་ར་རུ་དུ་ན་ཏུ་ལ་དོན་ཞེས།།
ལ་ཡིག་ཚབ་ཏུ་ཕྲད་དག་རུང་མོད་ཀྱང་།།
སྐབས་རེར་ལ་ཡིག་ཚབ་ཏུ་མི་འགྲོ་བའི།།
གནད་ཀ་འདི་ནི་ཅིས་ཀྱང་ཤེས་པར་གལ།།
དཔེར་ན་ཁང་བའི་ནང་དུ་ཅ་ལག་སྒྲིག །
དེ་བཞིན་ཁང་བའི་ནང་ལ་ཅ་ལག་སྒྲིག །
དུ་དང་ལ་ཡིག་སྦྱར་བའི་ཁྱད་པར་གྱིས།།
རྣམ་དབྱེ་གཉིས་བཞི་སོ་སོར་འབྱེད་པ་ཡིན།།
ཁང་བའི་ནང་དུ་ཅ་ལག་སྒྲིག་པ་ནི།།
བྱ་བ་བྱེད་སའི་གཞི་ཙམ་སྟོན་པ་ལས།།
ཁང་བའི་ཆེད་དུ་བསྒྲིགས་པ་མིན་པས་ན།།
རྣམ་དབྱེ་གཉིས་པ་ལས་ནི་བཞི་བ་མིན།།
ཁང་བའི་ནང་ལ་ཅ་ལག་སྒྲིག་ཅེས་སྐབས།།
ཁང་བའི་ཆེད་དུ་ཅ་ལག་བསྒྲིགས་པ་ལས།།
བྱ་བ་བྱས་པ་གཙོ་བོར་མི་སྟོན་པས།།
རྣམ་དབྱེ་བཞི་བ་ལས་ནི་གཉིས་པ་མིན།།
དེ་བཞིན་རང་གི་ལུས་སུ་ལྭ་བ་གྱོན།།
རང་གི་ལུས་ལ་ལྭ་བ་གྱོན་གཉིས་ནི།།
སུ་དང་ལ་ཡིས་བསྟན་དོན་མི་འདྲ་བས།།
གཉིས་པ་བཞི་བའི་ཁྱད་པར་ཡོད་པ་ཡིན།།
ལུས་སུ་ལྭ་བ་གྱོན་ནོ་ཞེས་པའི་སྐབས།།
གང་ལ་གྱོན་པའི་གཞི་དེ་ངོས་འཛིན་དང་།།
བྱ་བ་བྱེད་ས་གཙོ་བོར་སྟོན་པ་ལས།།
ལུས་ཀྱི་ཆེད་དུ་ལྭ་བ་གྱོན་པ་མིན།།
ལུས་ལ་ལྭ་བ་གྱོན་ཞེས་བརྗོད་པའི་སྐབས།།
ལུས་ཀྱི་ཆེད་དུ་ལྭ་བ་གྱོན་པ་ལས།།
བྱ་བ་བྱས་པ་གཙོ་བོར་མི་སྟོན་པས།།
བཞི་བ་དགོས་ཆེད་ལས་ནི་གཉིས་པ་མིན།།
འོན་ཀྱང་རྒྱན་དུ་གསེར་བརྡུངས་ཞེས་པ་དང་།།
རྒྱན་ལ་གསེར་བརྡུངས་གཉིས་ལ་ཁྱད་པར་མེད།།
རྒྱན་གྱི་ཆེད་དུ་གསེར་ནི་བརྡུངས་པ་སྟེ།།
མ་བརྡུངས་དུས་སུ་རྒྱན་ནི་མེད་པས་ཕྱིར།།
རྒྱབ་དང་ཁང་བ་དེ་དང་མི་འདྲ་སྟེ།།
ལྭ་བ་མ་གྱོན་ཅ་ལག་མ་བསྒྲིགས་ཀྱང་།།
རྒྱབ་དང་ཁང་པ་སྔོན་དུ་ཡོད་པའི་ཕྱིར།།
སུ་དང་ལ་ཡི་ཕྲད་ཀྱི་ཁྱད་པར་ཡོད།།
དེ་དང་དེ་འདྲར་ལྷ་ལ་ཕྱག་འཚལ་དང་།།
འདྲེ་ལ་ཕྱག་འཚལ་རྣམ་དབྱེ་གཉིས་པ་དང་།།ཐབ་ལ་མེ་ཐོངས་ཐབ་ཏུ་མེ་ཐོངས་ནི།།
རིམ་བཞིན་བཞི་བ་གཉིས་པ་ཡིན་པར་ཤེས།།
བརྡ་སྤྲོད་གཞུང་ན་ཁ་གསལ་མེད་པ་དང་།།
མཁས་པ་རྣམས་ཀྱིས་གསལ་བོར་མ་གསུངས་པ།།
རང་གིས་རྣམ་དཔྱོད་ཡངས་པའི་བློ་གྲོས་ཀྱིས།།
གཉིས་པ་བཞི་བའི་ཁྱད་པར་འདི་ཙམ་ཕྱེས།།
༠༧/༠༡/༡༤
Tags:
———
Back