རྨི་ལམ་དུ་འཁྱམ་པོའི་རྣམ་ཤེས།

22/07/2014 17:17


       རྨི་ལམ་དུ་འཁྱམ་པོའི་རྣམ་ཤེས།

འབའ་སྲས།


ལུས་ཀྱི་ལྗོན་པར་སྐྱེས་པའི་མེ་ཏོག་དྲག་ཤུགས་རླུང་གིས་ལྷབ་ལྷུབ་འདར།།

ཡིད་དུ་བཞད་པའི་མཛེས་སྡུག་དག་ལ་མི་སྡུག་གཟུགས་ཀྱི་སྣང་བརྙན་ཤར།།

ངག་གིས་གྱེར་བའི་དྲུག་འགྱུར་གླུ་ལས་འདེག་འཇོག་མེད་པའི་དབྱངས་རྟ་ཐོས།།

མིག་ཟུང་ཕྱེས་པའི་མཐོང་བ་དག་ནི་དགའ་བ་བྲལ་པའི་ཁ་དོག་ཉིད།།


བྱ་རྒོད་ཤུགས་ཀྱིས་འཕུར་བའི་ཤུལ་དུ་ང་ཡི་སེམས་པ་རླུང་གིས་བསྐྱོད།།

མེ་ཏོག་འདབ་མ་རྙིད་པའི་ས་རུ་བདག་གི་རྣམ་ཤེས་འདམ་ལ་འཐིམས།།

ཤག་ཤག་འབབ་པའི་ཆུ་བོའི་རྒྱུན་གྱིས་འཕྱ་བའི་ཟེགས་མ་གདོང་ལ་གཏོར།།

རླུང་གིས་འཁུར་བའི་འདབ་ལོ་དག་གིས་བསམ་བཞིན་མིག་ལ་དྲལ་ནས་འགྲོ།


ཨ་ཙི་འདི་ནི་ཅི་ཞིག་ཡིན་ཞེས་བྲེལ་འཚུབ་མིག་གིས་རྒྱང་ལ་བལྟས།།

ཕ་མཐའ་བྲལ་བའི་རྒྱང་རིང་ཞིག་ན་འོད་ཅིག་འཚེར་བ་མིག་གིས་མཐོང་།།

དེ་ཡི་རྗེས་ལ་མགྱོགས་སུ་བརྒྱུགས་ཀྱང་འོད་ཀྱི་སྣང་བ་རིང་དུ་འགྲོ །

ད་ནི་གང་ལ་ཐོགས་རེག་མེད་པའི་འཁྱམས་པོའི་རྣམ་ཤེས་ཡིན་པ་རྟོགས།།


འཇིག་རྟེན་ཆེན་པོ་སྟོང་བར་གྱུར་སོང་བདག་ཀྱང་གྲོགས་མེད་ཁེར་འགྲོ་སྟེ།།

ཁེར་འགྲོ་རྐང་པ་འཇོག་སའི་ཐེམ་སྐས་བྱེ་མ་སྤུངས་པའི་ཀ་བར་བསྟེན།།

སྒྲོ་ལས་ཡང་བའི་ལུས་འདི་མ་ཐེགས་བྱེ་མའི་ཀ་བ་འཇིག་པར་གྱུར།།

བར་སྣང་ཁམས་དང་ས་ཡི་བར་ན་བདག་གི་ལུས་ཕུང་འཁོར་ཞིང་བསྐྱོད།།


བྲེད་ཅིང་འཇིགས་པས་ལུས་ཀྱི་རྔུལ་ཆུ་བདེ་བདེ་མལ་གྱི་སྟེང་ལ་ལྷུང་།།

ལྷོག་ལྷོག་ལྡིང་བའི་སྙིང་གི་ངོས་སུ་ཆུང་མའི་ཕྱག་ཟུང་ལྷོད་ཀྱིས་བཞག །

རོ་མངར་ལྡན་པའི་མཛའ་བའི་མཆུ་སྒྲོས་བདག་གི་ལྕེ་ཡི་རྩེ་མོ་བཞིབས།།

ཡར་འདེག་མར་བསྣུན་འགུལ་སྤྱོད་ཅིག་གིས་འཇིག་རུང་རྨི་ལམ་དཀྲོགས་ཏེ་སད།།


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།