རླབས་ཆེ་བའི་བུ་མོ་ཞིག

22/07/2014 21:41

      



        རླབས་ཆེ་བའི་བུ་མོ་ཞིག 


འབའ་སྲས་ཀྱིས་འབའ་སྲས་མོར་བྲིས།


ཁྱེད་དང་ངེད་གཉིས་ཕ་ཡུལ་གཅིག་པ་ལས།།

གཤིས་ཤིང་མཛའ་བའི་འབྲེལ་བ་ཅི་ཡང་མེད།།

འོན་ཀྱང་སྒྲུབ་བཞིན་བྱ་བ་རླབས་པོ་ཆེས།།

ཁོ་ཡི་སྙིང་གི་ས་ལ་ཉི་འོད་སྦྱིན།།


ཁྱེད་ཀྱི་ཞལ་རས་མཛེས་པའི་ཉི་ཟེར་གྱིས།། 

བདག་ཡིད་མཚན་སྐྱེས་མེ་ཏོག་གད་པ་མིན།།

བྱ་བཞག་རླབས་ཆེན་སྒྲུབ་བཞིན་འོད་སྣང་གིས།།

ཡིད་རངས་པད་མའི་འདབ་ཁ་ཉེ་བར་ཕྱེས།།


མཁས་པས་ཡི་གེ་འགྲེལ་བཤད་རྒྱག་པ་དང་།།

བླ་མས་ཁྲི་ཐོག་བཀའ་གསུང་རླབས་པོ་ཆེ།།

བླ་ན་མ་མཆིས་དགེ་བའི་དཔངས་མཐོ་ཡང་།།

འདི་དག་ལས་ནི་ཁྱེད་ཀྱི་བྱ་བ་མཐོ།།


ཆེ་བཤད་བྱས་ནས་ཆེ་རུ་འགྲོ་བ་མེད།།

ཡག་བཤད་ཚོན་གྱིས་མཛེས་སྡུག་ག་ལ་བསྐྲུན།།

དུས་ཐོག་ཕན་པའི་བྱ་བ་སུས་བསྒྲུབ་ན།།

དེ་ནི་ཆེ་དང་མཛེས་པའི་རི་མོ་ཡིན།།


གཤོག་གཉིས་འདབ་མ་ལྡན་རྣམས་གནམ་ལ་འཕུར།།

སྤྱན་གསུམ་ཁ་གཉིས་ཅན་དག་ས་གསུམ་བགྲོད།།

མིག་གཉིས་ཁ་གཅིག་རྐང་ལག་གཉིས་གཉིས་ཅན།།

འཇིག་རྟེན་མི་ལ་མཁོ་བ་ངོ་མ་བདེན།།


མཆེ་བ་རྣོ་རྣོ་དེ་ཡིས་གང་ལ་ཕན།།

སྡེར་མོ་རྩུབ་རྩུབ་ཅན་གྱིས་ཅི་ཞིག་བསྒྲུབས།།

རང་རང་ས་ནས་གཞན་དོན་སྒྲུབ་པ་ནི།།

མི་ཡི་འཇིག་རྟེན་འདི་ལ་དཀོན་མཆོག་དངོས།།


ཁྱེད་ནི་བུད་མེད་ཡིན་ཡང་བུད་དེ་འགྲོ །

ཁྱེད་ནི་དམན་ཞེས་བསྒྲོགས་ཀྱང་མཐོ་རུ་བསླེབས།།

ཁྱེད་དང་འདྲ་བའི་བུད་མེད་མང་མཆིས་ན།།

འཇིག་རྟེན་ཁམས་འདི་བུད་མེད་རྒྱལ་ཁབ་ཡིན།།


ཕོ་རྒོད་རལ་གྲི་ཅན་ཚོས་མི་སྲོག་གཅོད།།

ཆོས་པ་རྫུན་མ་དག་གིས་བསླུ་བྲིད་བྱེད།།

ཕོ་རྒོད་མིན་ལ་ཆོས་པ་མིན་པ་ཡི།།

འབའ་ཡི་སྲས་མོ་མཁའ་འགྲོ་མ་ཡི་སྤྲུལ།།


མཚན་མོར་འགྲོ་དུས་གློག་གི་འོད་ལ་བརྟེན།།

མུག་གེས་ཤི་དུས་ཟས་ཀྱི་སྦྱིན་པ་དགོས།།

ནད་ཡམས་མ་བསླེབས་སྔོན་ལ་སྔོན་འགོག་དགོས།།

ཁྱེད་ནི་སྔོན་འགོག་བྲག་གི་རི་བོ་ཞིག །


གཙོ་འཛིན་མའོ་ཙེ་ཏུང་གིས་མིའི་སྲོག་བཅད།།

ཅང་ཅེ་ཧྲི་ཡིས་ས་གཞི་རྡུལ་ལ་བཟོས།།

མི་སྲོག་སྐྱོབ་ལ་འབྲོག་མོ་དཀྱིས་མ་ཁྱོད།།

མིང་གྲགས་མི་སྣ་ཅན་ཚོའི་སྔོན་ལ་བསླེབས།།


ས་གཞི་ཐམས་ཅད་མཚོ་ལ་ལྟུང་བའི་དུས།།

ཁྱབ་འཇུག་རྨུག་པས་ས་གཞི་གཏེར་ནས་ཕྱུངས།།

མི་གཅིག་སྲོག་གི་ཀོང་བུའི་སྡོང་བུ་རུ།།

འོད་ཅིག་བསྒྲོན་པ་འདི་ཡང་དེ་ཡི་དཔེ།།


མདོར་ན་ཁ་རྩ་དགོས་གཏུགས་བྱ་བ་ལ།།

ཅི་ཞིག་བྱུང་ཡང་ཧུར་གྱིས་འབད་པ་ནི།།

མི་ཡིས་མི་ལ་བཅངས་པའི་བརྩེ་སེམས་ཏེ།།

བརྩེ་སེམས་འདི་ཡི་བདག་མོ་ཁྱོད་ཀྱང་ཡིན།།


- འབའ་སྲས་མོ་ཞེས་པའི་བུད་མེད་ཅིག་གིས་ཨེ་ཛིའི་ནད་འགོག་གི་བྱ་བ་སྒྲུབ་བཞིན་པར། ༡༤/༠༤/༡༤ ཕྱི་དྲོར།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།