ལ་མོ་རྒྱབ་ཀྱི་མཛེས་མ།

02/07/2011 00:14

ཀ་ར་གཅིག་གི་འགྲོ་སོང་མ་དགོས།།

ཁ་ཡག་བཤད་ནས་མགོ་སྐོར་མ་བཏང་།།
ག་ལེར་ཡིད་སེམས་གཏིང་འདྲེས་གྱུར་བའི།།
ང་ཡི་སྙིང་སྡུག་བཀྲ་ཤིས་བདེ་ལེགས།།

ཅ་དག་གཙང་མ་མེད་པའི་ཕོ་བཙོག ། 
ཆ་ལུགས་བལྟས་མདོག་མེད་པ་ང་འདྲ།།
ཇ་ཁ་ཆང་ཁ་ཞིག་ནས་ཐུག་པས།།
ཉ་དང་ཆུ་བཞིན་མཐུན་པ་བྱུང་སོང་།།

ཏཱ་རེ་སྒྲོལ་མ་འདྲ་བའི་མཛེས་མ།།
ཐ་མལ་ཕོ་བཙོག་ང་འདྲ་ཞིག་ལ།།
ད་རུང་སེམས་ཀྱི་བརྩེ་བ་ཕུལ་ན།།
ན་ཆུང་སེམས་པ་སུན་སྣང་མེད་དམ།།

པ་མགོ་ཞིག་ལ་ཆེན་པོ་མེད་ཀྱང་།།
ཕ་ལོས་གནང་བའི་ལུས་རྟེན་ཕྲ་མོ།།
བ་དན་འདྲ་བའི་འདང་ཞིག་ཡོད་ན།།
མ་བཟང་ཁྱེད་ཀྱི་ལག་ལ་བཞག་ཆོག །

ཙ་རིའི་སྨྱུག་མར་འགྲན་པའི་སྐྱེས་གཟུགས།།
ཚ་འཇོམས་ཟླ་བ་འདྲ་བའི་ཞལ་རས།།
ཛ་ཏི་མེ་ཏོག་ལྟ་བུའི་ཁ་སྒོ།།
ཝ་སྐྱེས་ང་འདྲ་ཐོབ་པས་དགའ་ཡོད།།

ཞྭ་མོ་བཞིན་དུ་མགོ་རུ་བཀུར་ནས།།
ཟ་མ་དགའ་བོ་མདུན་ལ་བསྒྲིགས་ཏེ།།
འ་ལེ་འོ་ལེ་མཆོད་རོགས་གནོངས་ཞེས།།
ཡ་རབས་གུས་ཚིག་ཅི་འདྲས་སྙན་ཨང་།།

ར་ཅོ་ལྟ་བུའི་གཤིས་གྱོང་ང་ལ།།
ལ་མོ་རྒྱབ་ཀྱི་མཛེས་མ་ཞིག་གིས།།
ཤ་ཚའི་སྙིང་གི་བརྩེ་བ་ཕུལ་བ།།
ས་སྟེང་འདི་ནས་དྲིན་དུ་བགྲང་ཆོག །

ཧ་ཅང་ངེད་གཉིས་འགྲོགས་འདྲེས་མང་ན།།
ཉིན་མ་ཞིག་ལ་ཆུང་མས་གོ་འགྲོ།།
ཨ་མདོ་བ་ལ་ཡིད་ཆེས་མི་འདུག །
ཟེར་ནས་ངུས་ན་ངུ་ཁ་སུས་གཅོད།།

སྙིང་གྲོགས་རྙིང་པ་འཚིག་པ་མ་ཟ།།
དེ་རིང་ནས་བཟུང་རང་རང་ས་ནས།།
མ་ཤེས་མདོག་མདོག་བྱས་ནས་སྡོད་དང་།།
སྟབས་ཀ་འགྲིག་དུས་སྐོར་རེ་ངས་བརྒྱག །

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།