ལག་འཇུ་ཞིག་བྱོས་ཡ།
03/09/2011 12:21
ཤིང་རྟ་བོང་བུས་འདྲུད་པའི་དུས་རབས་དེ་རྫོགས་ནས།།
ནམ་མཁའ་རྐང་ལམ་བྱེད་པའི་དུས་སྐབས་ལ་བསླེབས་སོང་།།
ལུགས་སྲོལ་སྨིན་མ་སྟུག་པོའི་འོག་རོལ་ན་བཙུམས་པའི།།
མིག་གཉིས་ཕྱེས་ནས་དུས་རབས་གསར་བ་ལ་གཟིགས་དང་།།
ཕ་མའི་སྐད་ཆ་བར་བས་ཁ་དག་ལ་བརྒྱུས་ནས།།
ཨ་ཞང་ཚང་ལ་བུ་མོ་གཉེན་སློང་དུ་འགྲོ་བའི།།
ལུགས་སྲོལ་དེ་ལས་གོམ་པ་གང་སྤོས་ཤིག་བྱས་ཏེ།།
ཆང་ས་དྲ་བ་བརྒྱུད་ནས་གཉེན་རྟགས་རེ་བསྐུར་ཡ།།
ཨ་ཙི་ངོ་ཚ་ཟེར་ནས་བག་ཁུམ་གྱི་མལ་ལས།།
ཡར་ལངས་ལུགས་གསར་ཆུ་ཡིས་གདོང་པ་ཞིག་ཁྲུས་ཏེ།།
ཆང་ས་དྲ་ངོས་འདི་ལ་གོམ་པ་ཞིག་སྤོས་དང་།།
མི་ཚེ་གཅིག་གི་ཁྱེད་ཀྱི་སྙིང་སྡུག་དེ་རྙེད་སྲིད།།
འཛམ་གླིང་གོ་ལ་འདི་ཡི་རྒྱབ་མདུན་དུ་གྱེས་པས།།
ཁྱེད་གཉིས་ཡང་ཡང་འཕྲད་པའི་གོ་སྐབས་དེ་ཕྲ་ཡང་།།
ཆང་ས་དྲ་བ་འདི་ནས་ལག་འཇུ་ཞིག་བྱོས་དང་།།
ཐབ་ཁ་དྲོད་པོ་ཞིག་གི་ཁྱིམ་གཞི་དེ་རྙེད་ཡོང་།།
ཆང་ས་དྲ་བ་གསར་བའི་རྒྱང་བསྐྱོད་ཀྱི་མིག་ཞགས།།
སྦྲ་རྒན་ནག་ལྡང་མ་ཡི་འདབས་རོལ་ནས་འཁྱུག་ཅིང་།།
ཞིང་ཁ་གྲུ་བཞི་མ་ཡི་རྐ་མགོ་ནས་འཕུར་ཏེ།།
ཤ་ཁྲག་རུས་གསུམ་དཀར་བའི་གངས་རི་ལ་འཁྱུད་ཡོད།།
ལྟོས་དང་བོད་མོ་མང་ཆེས་རྒྱ་ཡུལ་ལ་བྲོས་སོང་།།
ཕོ་གསར་རྫིག་པོ་ཕལ་ཆེས་མགོ་སེར་མས་འཁྲིད་སོང་།།
ཤ་གཙང་རུས་གཙང་བོད་པ་ཇེ་ཉུང་ནས་ཇེ་ཉུང་།།
ཆང་ས་དྲ་བས་དེ་ལ་སེམས་ཁྲལ་ཞིག་བྱས་ཡོད།།
ཆང་ས་དྲ་བའི་སྐད་ཆ་འཁྲིག་གཏམ་རེད་ཟེར་ནས།།
བཙུན་པ་རྣམ་དག་དགོན་ནས་ཡར་ལངས་དེ་མ་བྱེད།།
འཁྲིག་གཏམ་ཡི་གེར་བཀོད་པའི་རྩེད་འཇོ་ཡི་སྨན་གྱིས།།
བོད་ཡིག་ཞེན་པ་ལོག་པའི་ནད་འབུ་དེ་གསོད་ཐུབ།།
ཆོས་སྲིད་མི་དགའ་དེང་རབས་ན་ཆུང་གི་མི་ལ།།
ཀློག་འདོད་ཡི་གེ་བཀོད་པ་ཉུང་ཉུང་ལས་མེད་པས།།
འཇིག་རྟེན་སྣང་བ་བྲིས་པའི་སྣ་ཚོགས་ཀྱི་རྩོམ་ཡིག །
ཀློག་ཏུ་བཅུག་ན་བོད་ཡིག་ཡར་རྒྱས་ལ་ཕན་ཡོང་།།
བོད་པ་ཡིན་ན་བོད་པའི་སྐད་ཡིག་ལ་དུངས་དགོས།།
བོད་པ་ཡིན་ན་ཤ་ཁྲག་གཙང་མ་ལ་གཅེས་དགོས།།
ལུགས་སྲོལ་གཅིག་པོ་བཤད་ནས་ཡོང་ཐབས་རེ་མེད་པས།།
ཆང་ས་དྲ་བར་ཕེབས་ནས་ལག་འཇུ་ཞིག་བྱོས་ཡ།།
Tags:
———
Back


