- གྲོགས་པོ་འགའ་ཞིག་གིས་སྙན་ངག་མ་འབྲི་ཞེས་བཤད་རྗེས་ཀྱི་ན་ཟུག

  མི་རེ་རེ་ལ་དགའ་ཕྱོགས་དང་ཕུགས་བསམ་མི་མཚུངས་པ་རེ་ཡོད་པ་སྣང་བཞིན་ང་ལ་ཡང་དགའ་ཕྱོགས་དང་ཕུགས་བསམ་ཞིག་ཡོད་ཆོག ངའི་དགའ་ཕྱོགས་དང་ཕུགས་བསམ་ནི་མ་ཤི་བར་དུ་སྙན་ངག་འབྲི་རྒྱུ་ལས་གཞན་ཅི་ཡང་མེད་ལ། དེ་ལས་གཞན་ཞིག་རྩོམ་པའི་ནུས་པ་ཡང་བདག་ལ་ཞན། དེ་བས། ངས་ནམ་ཡང་སྙན་ངག་འབྲི་འདོད། 

  གྲོགས་པོ་འགའ་ཞིག་གིས་ང་ལ་འདི་ལྟར་ཟེར། སྙན་ངག་བྲིས་པས་རང་གི་ཁྱིམ་ཚང་ལ་མི་ཕན་ལ་རང་གི་ལུས་ཕུང་ལ་ཡང་གནོད་ཅེས་ཟེར། ད་དུང་ཁོ་ཚོས་སྙན་ངག་པ་མང་ཆེ་བ་སེམས་ཁམས་མི་བདེ་བ་མ་ཟད། ཆང་རག་དང་ཐ་མག་ལོངས་སུ་སྤྱོད་མཁན་ཤ་སྟག་ཡིན། མདོར་བསྡུས་ན་སྙན་ངག་པ་ནི་སེམས་པ་མི་ཐང་བའི་སྨོན་པ་ཞིག་ཡིན་ཟེར། ངས་ཁོང་ཚོར། སྙན་ངག་པ་ནི་ཁྱེད་ཚོའི་མིག་མདུན་ལས་རྒྱང་དུ་འཕར་བའི་མི་བུ་ཞིག་ཡིན་པ་མ་ཟད། སྙན་ངག་པ་ནི་ཁྱོད་ཚོའི་བསམ་བློའི་འདུ་ཤེས་ལས་རིང་དུ་སོན་པའི་བསམ་བློ་བ་ཞིག་ཡིན་ཞེས་ཡང་དང་བསྐྱར་དུ་བཤད། སྐད་ཆ་འདི་ནི་ངས་བཤད་འདོད་པའི་སྐད་ཆ་ཡིན་ལ། བདེན་དཔང་གིས་གྲུབ་པའི་ངའི་བསམ་བློའི་ཚད་མ་ཡང་ཡིན།

    སྤྱིར་སྙན་ངག་ལ་སྡང་བའི་མི་བུ་དག་ནི་སྙན་ངག་གི་དགེ་མཚན་མི་རྟོགས་ཤིང་། ཐ་ན་སྙན་ངག་ཅེས་པ་ཅི་ཞིག་ཡིན་མིན་མི་ཤེས་པའི་རྟོག་གེ་བ་ཁག་ཅིག་ཡིན། ཁོ་ཚོའི་བསམ་བློ་ནང་དུ་ནམ་ཡང་འགྱུར་བ་མེད་པའི་ཁས་ལེན་ཞིག་དང་ཡིད་ཆེས་ཤིག་ཡོད་པ་ནི་མིག་མདུན་གྱི་འཁོར་བའི་ལོངས་སྤྱོད་ཀྱིས་གྲུབ་པའི་གནས་སྐབས་ཀྱི་འཚོ་བའི་བདེ་བ་ཙམ་རེད། ཁོ་ཚོས་འཁོར་བའི་བདེ་སྐྱིད་ནི་སྒོར་མོས་བསྐྲུན་ཞིང་། སྒོར་མོ་ངལ་རྩོལ་གྱིས་འགྲུབ་ཅེས་བཤད། ཡིན་ན་ཡང་། བདག་གིས་འཁོར་བའི་བདེ་སྐྱིད་ནི་སེམས་པས་བསྐྲུན་ཞིང་། སེམས་པ་ནི་དགའ་ཕྱོགས་ཀྱིས་བསྐྲུན་ཅེས་རྒོལ་ལན་སྤྲོད་བཞིན་ཡོད། འཇིག་རྟེན་འཁོར་བའི་ལྟ་ཚུལ་ལ་ལན་དོན་ལྡན་ཞིག་ཡིན་ཞེས་བདག་གིས་མི་སྤོབས་ཀྱང་། སེམས་ཀྱི་འཇིག་རྟེན་གཙོ་བོར་འཛིན་པའི་ལྟ་ཚུལ་ལ་ལན་འདི་ལས་གཞན་ཞིག་མེད་པ་བདག་གིས་འདོད་དོ།།

  མདོར་ན། བདེ་སྐྱིད་ནི་ཅི་ཞིག་རེད། འཚོ་བའི་སྙིང་བོ་ནི་ཅི་ཞིག་རེད། རང་གི་དགའ་ཕྱོགས་དང་ཕུགས་བསམ་འགྲུབ་ན་འདི་ལས་ལྷག་པའི་བདེ་སྐྱིད་ཅིག་ཨེ་ཡོད། "བསམ་དོན་ལྷུན་གྱིས་འགྲུབ་པའི་བྱིན་གྱིས་རློབས"་ཞེས་པའི་གསོལ་སྨོན་གྱི་སྙིང་དགོས་གང་ཡིན་ནམ།

    དེ་བས་ངའི་དགའ་ཕྱོགས་ནི་སྙན་ངག་ཡིན་ལ། ངའི་ཕུགས་བསམ་ཡང་སྙན་ངག་བྲིས་ནས་མི་ཚེ་བསྐྱེལ་རྒྱུ་དེ་ཡིན། ངའི་སྙན་ངག་ལ་ལྐོག་གྱུར་གྱི་གསང་བ་མེད་ཀྱང་ཆོག ངའི་སྙན་ངག་ལ་ཟབ་ཅིང་རྒྱས་པའི་བརྗོད་བྱ་མེད་ཀྱང་ཆོག ངའི་སྙན་ངག་ལ་ཚིག་ཉམས་དང་དོན་ཉམས་ཅི་ཡང་མེད་ཀྱང་ཆོག ངའི་འབྲི་འདོད་པ་ནི་སྙན་ངག་ཡིན།

  འདི་ཐད་ང་ལ་སྡོམ་ཚིག་ཅིག་ཡོད་པ་ནི། " རང་གིས་འབྲི་འདོད་ཆེ་ཞིང་། གཞན་གྱིས་ཀློག་འདོད་མེད་པའི་ངའི་སྙན་ངག་འདི་དག་ངའི་མི་ཚེ་དང་བསྡོངས་ནས་འདིར་བསླེབས་ཡོད་ལ། ཤི་འདོད་མེད་པའི་ང་དང་ངའི་སྙན་ངག་གཉིས་ནམ་ཡང་འདི་ལྟར་གསོན་འདོད་ཅེས་པ་དེ་ཡིན་ནོ།།

  ངས་མུ་མཐུད་དུ་སྙན་ངག་འབྲི་འདོད། ང་མུ་མཐུད་ནས་སེམས་པ་མི་ཐང་བའི་སྨྱོན་པ་ཞིག་བྱེད་འདོད།  སྨྱོན་པ་དང་སྨྱོན་པའི་སྙན་ངག་རྒྱལ་ལོ།།