ཤེད་བུ་འདི་རེད།

22/07/2014 21:40

     



         ཤེད་བུ་འདི་རེད།


འབའ་སྲས།


དང་ཐོག་ཐུག་དུས་སྨྲ་སྒོ་དམ་ཞིང་།།

བར་དུ་འཕྲད་ན་འཛུམ་མདངས་ཉུང་བ།།

མཐའ་མར་མཇལ་ན་རྩེད་དགོད་མང་བ།།

ཤེད་བུ་འདི་ལ་བལྟས་པས་མི་ཤེས།།


དེ་རིང་ཐུག་དུས་སྤྲང་བོ་འདྲ་ཞིག །

སང་ཉིན་འཕྲད་ན་ཕྱུག་པོའི་ངང་ཚུལ།།

གནངས་ཉིན་མཇལ་ན་མཁས་པའི་ཆ་ལུགས།།

ཤེད་བུ་ཟེར་བ་འདི་མོ་འདྲ་ཞིག །


སྐད་ཆ་བཤད་ན་སྐད་འགོ་མི་མཐོ།།

ཟ་མ་བཟའ་དུས་ཁ་ཡ་མི་བྱེད།།

མཉམ་དུ་སོང་ན་གྲོས་ཁ་མི་མཐུན།།

ཤེད་བུ་མི་བུ་རང་གཤིས་ཚ་བོ།།


ཞི་མོ་བདའ་ན་ལག་ལ་མི་ཡོང་།།

སྒོར་མོ་ཡོད་ན་ལག་ནས་མི་འདུག །

གང་ལ་སོང་ན་རང་སྣང་གང་དྲན།།

ཤེད་བུའི་རི་དང་རྫ་ཡི་སྤྱང་ཡིན།།


དགེ་བསྐོས་བཙན་པོའི་རྟ་ལྕག་མི་སྐྲག །

སྡོམ་པ་ལྟུང་བའི་ཉེས་པར་མི་འཇིགས།།

གང་ལ་སོང་ན་ངལ་ཐང་མི་ཆད།།

ཤེད་བུ་ཕོ་སར་ཕྱིན་གྱིས་ལོག་ཡིན།།


ཉི་མ་དྲོ་དུས་མེ་ལ་མཆོངས་ཐུབ།།

གྲང་བར་འདར་སྐབས་དམར་ཧྲེང་འགྲོ་ཐུབ།།

ཆགས་པས་གཟིར་དུས་བཟོད་སེམས་བྱེད་ཐུབ།།

ཤེད་བུ་གྲྭ་ཟུར་དཀའ་ཐུབ་ཅན་ཡིན།།


མགོ་རེད་ཟེར་ན་རྐང་རེད་བཤད་ལ།།

རེད་རེད་ཟེར་ན་མ་རེད་བརྗོད་ལ།།

ཅི་རེད་དྲིས་ན་ཅི་ཡང་མིན་བཤད།།

ཤེད་བུའི་རིག་པའི་རྗེས་ལ་མི་ཟིན།།


རྙ་མ་བཤད་ན་འབུ་ལི་བཤད་ལ།།

འབུ་ལུ་ཤོད་དང་རྐུབ་ཁུང་འཁྱེར་ཡོང་།།

དེད་དེ་སོང་ན་ཅི་ཡང་མི་བཤད།།

ཅུང་ཙམ་སྒུགས་དང་ཁ་ནས་བྱོ་ཡོང་།།


ཞི་མོ་ཨེ་དགོས་དྲིས་ན་མིན་ཟེར།།

གྲྭ་བ་ཡིན་ནམ་དྲིས་ན་མིན་ཟེར།།

ཆང་ཞིག་འདྲེན་རྒྱུ་ཟེར་ན་མིན་ཟེར།།

ཐ་མག་མ་བྱིན་ན་ཡང་འཐེན་ན།།


རྒྱབ་ཁུག་ཆུང་ཆུང་ཞིག་ནི་འཁུར་ཡོད།།

མགོ་ཡི་སྐྲ་ལི་སྟུག་པོ་ཁྲུལ་མེད།།

ཁ་ཡི་ཁ་སྤུ་དེ་ཡང་བཞར་མེད།།

ཚུགས་ཀ་ལུགས་ཀ་གཙོག་ནོ་བྱ་འདི།།


མཐོང་མ་ཐག་ཏུ་གསར་ཡག་ཅིག་ཡོད།།

ཞིབ་ཏུ་ལྟོས་དང་རྒད་པོ་འདྲ་ཞིག །

བུད་མེད་དག་གི་མིག་ལ་མི་ཤེས།།

ང་ཡི་མིག་ལ་སྒྱུ་མ་མཁན་ཞིག །


ཤེད་བུ་བཤད་ན་གེ་སེར་སྒྲུང་ཡིན།།

ཉིན་མཚན་གཉིས་ལ་བཤད་ཀྱང་མི་ཚར།།

ཤེད་བུ་ཤེས་འདོད་ཡོད་ན་འདི་ཡིན།།

ཤེད་བུ་ངོ་མ་ད་དུང་འཚོལ་དགོས།།


༢༣/༠༤/༡༤ ཉལ་ཁར་ཐོལ་བྱུང་དུ།



Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།