སྐད་འཕྲིན་ལས་བཏུས་པའི་རྒྱ་སེ་མེ་ཏོག
02/05/2013 18:48
སྐད་འཕྲིན་ལས་བཏུས་པའི་རྒྱ་སེ་མེ་ཏོག
ཨ་རོགས་བདེ་མོ་ཞེས་པའི་ཐོག་མའི་མཚམས་འདྲི།།
ང་བདེ་ཁྱོད་རང་སུ་ཡིན་སྐད་ཆ་དང་པོ།།
ཕན་ཚུན་ལ་གཞས་བླངས་པའི་འཇིག་རྟེན་སྣང་བ།།
ཞེ་འདང་ངོ་མ་ཞིག་ལ་བདག་གིས་འདོད་མེད།།
དངོས་མིང་དྲིས་ན་སྐྱོན་ལོག་སྐོར་ལོག་གསུངས་བྱུང་།།
སྡོད་གནས་དྲིས་ན་རྒྱང་རིང་རྒྱང་རིང་ལབ་སོང་།།
པར་ཞིག་འབྱོར་བ་སྔོན་མ་མཐོང་མྱོང་མི་འདུག །
བདག་གི་ཉེ་འགྲམ་ཞིག་ན་ཡོད་པ་མ་འདོད།།
ཁྱོད་ནི་སུ་ཞེས་ཚ་འདྲི་གཏིང་འདྲིའི་ལན་དུ།།
ལ་གཞས་བླངས་ནས་སེམས་པ་གཏིང་ལ་ཟུག་ན།།
ཁྱོད་ཀྱི་འགྲམ་ལ་འཁོར་ནས་ཡོང་ན་ཆོག་ཅེས།།
རྩེད་མོའི་ཚུལ་དུ་གསུངས་པ་བདེན་པར་འདོད་མེད།།
བདག་གི་འདྲ་པར་བསྐུར་ན་མ་བསྐུར་བརྗོད་བྱུང་།།
སྤྱིར་བཏང་སྐད་ཆ་བཤད་ན་སྤྲོ་བ་མེད་གསུངས།།
ཁྱོད་ཀྱིས་ལ་གཞས་ལོངས་དང་ཉན་ན་འདུག་ཟེར།།
བདག་གི་ངོ་ཤེས་ཡིན་པའི་དོགས་པ་སྐྱེས་སོང་།།
སུ་ཞིག་ཡིན་ཡང་བདག་ལ་ཁྱད་པར་ཅང་མེད།།
ལ་གཞས་ལེན་རོགས་ཁྱོད་ལས་ལྷག་པ་མི་འདུག །
ལ་གཞས་ཕར་ལེན་ཚུར་ལེན་ཟླ་ཕྱེད་མ་སོང་།།
སེམས་གཉིས་མདུད་པ་བརྒྱབས་པ་བློ་ལས་འདས་སོང་།།
ལ་གཞས་ལངས་ན་སྐད་ངག་བདེ་མོ་བདེ་མོ།།
གད་མོ་བགད་ན་དགོད་སྟངས་སྙན་མོ་སྙན་མོ།།
སྐད་ཆ་བཤད་ན་ཁ་ལྕེ་གསལ་བོ་གསལ་བོ།།
འབྲོག་མོ་ཞིག་གི་ཞལ་རས་ཡིད་ལ་བྲིས་སོང་།།
ལ་གཞས་མཐུན་པ་བླངས་ནས་ཉིན་གསུམ་མ་འགོར།།
དྲན་པའི་སྐོར་ལ་ཞུགས་ནས་ཉིན་གཉིས་མ་འདས།།
ཐེངས་གཅིག་ཐུག་ན་འགྲིག་གམ་ཞུ་བའི་ལན་དུ།།
འགྲིག་ཀྱང་ཁྱེད་རང་མཐོང་ན་ངོ་ཚ་བརྗོད་བྱུང་།།
དང་པོ་སུ་ཡིན་མ་བཤད་ལ་གཞས་བླངས་ཤིང་།།
བར་དུ་ཤེས་ནས་ང་ལ་དགོངས་དག་ཞུ་དུས།།
ཁྱོད་ཀྱི་མིག་ཆུ་ཤོར་བ་བདག་གིས་ཚོར་བས།།
ང་ཡི་སེམས་ཀྱི་མཆི་མ་ཁོག་ལ་དྲངས་ཡོད།།
ད་ནི་ཁྱོད་རང་སུ་ཡིན་བདག་གིས་ཤེས་སོང་།།
བདག་གི་སེམས་པ་འདི་ཡང་ཁྱོད་ཀྱིས་འཕྲོག་སོང་།།
ཁྱེད་ཀྱི་ཐུགས་ལ་འགྱོད་པའི་སྐྱོ་བ་ཡོད་ན།།
ང་མིན་བོད་ཀྱི་ལ་གཞས་མཐུན་པ་དྲུག་སྐོར།།
ལ་གཞས་བླངས་ནས་རྩེད་ས་དགོད་ས་མང་ཡང་།།
སྙིང་ལ་རི་མོ་འབྲི་མཁན་ཁྱོད་ལས་མ་བྱུང་།།
སུ་དང་གང་གིས་མ་གྲོལ་སྙིང་གི་འདབ་མ།།
ཁྱེད་ཀྱི་ལ་གཞས་དེ་ཡིས་འཛུམ་ཁ་ཕྱེས་སོང་།།
ཁྱེད་ཀྱིས་བཤད་ན་ཁྱོད་ཀྱི་སེམས་པ་དེ་ཡང་།།
སྒུལ་བར་མི་ནུས་ལྕགས་ཀྱི་རི་དང་འདྲ་ཡང་།།
བདག་དང་འཕྲད་པས་བྱེ་མར་གྱུར་སོང་བརྗོད་པའི།།
གཏམ་དེ་བདེན་ན་ངེད་གཉིས་གཅིག་ལ་གཅིག་རེད།།
ད་ནི་ང་ལ་བཟང་བོ་བརྩི་རྒྱུ་མི་འདུག །
ཁྱེད་རང་ལ་ཡང་སྡིག་ཅག་ལབ་རྒྱུ་ང་མེད།།
ལ་གཞས་ལེན་མཁན་ཁྱོད་དང་ང་འདྲ་ཐུག་ན།།
ཕོ་གློག་མོ་གློག་བཞིན་དུ་མེ་སྟག་ལས་མཆེད།།
མཐོན་པོ་རི་ཡི་དབུ་རྩེ་སྨུག་པས་བཟུང་སོང་།།
དམའ་ལུང་གཙང་བོའི་འགྲམ་ལ་མེ་ཏོག་བཞད་ཡོད།།
ཁྱེད་དང་ང་ཡི་སེམས་པ་གཅིག་ལ་བསྒྲིལ་ཏེ།།
ཞེ་འདང་གཙང་མོའི་ཁ་བ་ཡིད་ལ་ཆགས་ཡོད།།
ཁྱོད་ཀྱི་དུངས་པ་ཉི་འོད་བཞིན་དུ་མཚེར་དང་།།
ང་ཡི་ཞེ་འདང་ཟླ་བ་ལྟར་དུ་གང་ཆོག །
ཉི་ཟླའི་འོད་ཀྱིས་བརྒྱན་པའི་ནམ་མཁའ་ཆེན་པོ།།
ངེད་གཉིས་སྙིང་གཏམ་འབྲི་སའི་ཤོག་བུ་བྱེད་ཆོག །
དང་པོ་ངེད་གཉིས་རང་དབང་རང་རྒྱ་ཡིན་དུས།།
ཞེ་འདང་འོ་དཀར་བསུབ་པའི་ལས་དབང་མ་བརྙེད།།
ད་ནི་བརྩེ་བ་གསེར་གྱི་མར་ལོ་ཆགས་དུས།།
རང་རང་བཟའ་བའི་དབང་ལ་ཤོར་འདི་སྐྱོ་བ།།
ལུས་ཀྱི་གྲིབ་གཟུགས་ནེའུ་ཐང་སྤང་ན་ཡོད་ཀྱང་།།
སེམས་ཀྱི་མགྱོགས་འགྲོ་རྒྱུག་ས་ལ་ཐང་སྟོད་རེད།།
སུམ་སྒྲོག་ཐག་པས་རྨུག་བཞི་ཁྲིམས་ལ་བཏགས་ཀྱང་།།
གོམ་ཆེན་བང་གིས་ལེན་པའི་རེ་བ་ང་ཆེ།།
ངེད་གཉིས་དང་པོ་ཐུག་སའི་ས་ཆ་དེ་རུ།།
ཁྱེད་རང་མཐོང་ཡང་བདག་གིས་མ་མཐོང་སྲོལ་གྱིས།།
ད་ལྟ་ཁྱེད་རང་གང་ལ་བསླེབས་སོང་བྱས་ནས།།
ཁ་པར་ཐེངས་གཅིག་བཏང་ལ་ལག་པ་འདར་སོང་།།
ཁྱོད་ནི་བདག་གི་རྒྱབ་ནས་ཕར་ལ་འཁོར་འདུག །
མིང་གི་བཟུང་ནས་འབོད་རྒྱུ་མགྲིན་པ་ལྐུགས་སོང་།།
ཚུར་ལ་འཁོར་དུས་ཁྱེད་ཀྱི་མགོ་བོ་དམད་སོང་།།
ཉིན་དེ་ཚོར་བ་ཡི་གེར་བྲིས་ཀྱང་མི་ཤོང་།།
དངོས་སུ་མཇལ་བའི་ལག་འཇུ་ཐོག་མ་བྱེད་དུས།།
བདག་གི་ལག་པའི་མཐིལ་ལ་འདར་ཤ་ལངས་སོང་།།
ཕ་ཀི་ཇ་ཁང་ནང་ལ་འགྲོ་ཞེས་ལབ་དུས།།
ཁྱེད་ཀྱི་གདོང་ལ་བལྟ་རྒྱུར་ངོ་ཡང་ཚ་སོང་།།
ཀུ་ཤུའི་ཁུ་བ་ཕོར་གང་ཁྱེད་ལ་མངགས་ཤིང་།།
ཇ་ཚིག་ཕོར་གང་བདག་གི་མདུན་ལ་བཞག་ཏེ།།
ཕན་ཚུན་གདོང་ལ་མིག་གིས་ལྟ་བ་ཙམ་ལས།།
ཚིག་མགོ་ཐོག་མའི་སྐད་ཆ་གླེང་སྟངས་མ་ཤེས།།
ཡུན་ཙམ་འགོར་རྗེས་ཁྱེད་ཀྱི་མིག་གི་མཐའ་རུ།།
དར་སྐུད་ཕྲེང་ཐག་ཆད་པའི་མུ་ཏིག་ལྟ་བུའི།།
མིག་གི་མཆི་མ་མཁུར་ཚོས་ངོས་སུ་ཐོར་བས།།
སྨྲ་ཤེས་མེེད་པའི་མགྲིན་པ་ལྷག་ཏུ་ལྐུགས་སོང་།།
གསར་བཞད་པད་དཀར་ལྟ་བུའི་ཞལ་རས་ངོས་སུ།།
ཟེའུ་འབྲུ་ཆུན་པོ་དང་མཚུངས་མིག་ཆུ་དོག་པ།།
མི་གཙང་རྩུབ་རེག་ཆེ་བའི་བདག་གི་སྐྱག་ལག །
གདོང་ལ་བསྲིངས་ཏེ་ཕྱིས་ཚེ་བློ་བདེ་མ་བྱུང་།།
དང་བོར་རྩེད་མོའི་ཚུལ་གྱིས་ལ་གཞས་བླངས་ཤིང་།།
བར་དུ་ཁྱོད་ལ་དགའ་བའི་རང་ཚུགས་ཤོར་སོང་།།
ད་ནི་འགྱོད་པ་སྐྱེས་ཀྱང་ལས་ལ་བསྐོས་འདུག །
ཁྱོད་ཀྱི་སྐད་ཆ་དང་བོ་འདི་ལྟར་གླེང་སོང་།།
ཁྱེད་ནི་ཚང་མས་ཡར་ལ་ལྟ་སའི་མི་རེད།།
བཟང་བོའི་ཆུང་མ་གཅེས་པའི་བུ་ཕྲུག་ཡོད་པས།།
ཁྱེད་ཀྱི་མིང་ལ་ང་ཡིས་ནག་ཐིག་བཀོད་ན།།
མི་ཚེ་གང་བོའི་འགྱོད་པ་ཆེ་ཤོས་ཡིན་གསུངས།།
རང་ཉིད་ཁོ་ནར་མི་ལྟ་གཞན་ལ་ལྟ་ཤེས།།
བུད་མེད་ཡིན་ཡང་སེམས་པ་དཀྱིལ་ཡངས་ཆེ་བ།།
ཁྱེད་རང་འདྲ་ཞིག་ད་དུང་མང་བར་གྱུར་ན།།
བདག་གི་རླུང་རྟ་ཡང་ཡང་རྟ་རྒོད་རྒྱུག་རྒྱུག །
རྩེད་མོའི་ཚུལ་དུ་དགོད་ཞོར་ཚིག་འདི་བཤད་པས།།
ཁྱེད་ཀྱང་གད་མོ་དགོད་ཞོར་མིག་ཆུ་ཕྱིས་ཏེ།།
ད་དུང་ལ་གཞས་བླངས་ནས་མཛེས་མ་འགའ་ཞིག །
རང་དབང་མེེད་པར་བཀུགས་ཏེ་རྩེ་ན་འདོད་དམ།།
དེ་རིང་ནས་བཟུང་ཁྱེད་རང་གད་མོ་མ་དགོད།།
ད་ནས་བཟུང་སྟེ་ཁྱེད་ཀྱིས་ལ་གཞས་མ་ལེན།།
ཨ་ལ་སྒྲོན་ཁོ་ཟེར་བའི་ལ་སྐད་དེ་དང་།།
དགོད་སྟངས་གཉིས་ལ་སེམས་པ་རང་ཤོར་རེད་འདུག །
དེ་རིང་ནས་བཟུང་བདག་གིས་ལ་གཞས་མི་ལེན།།
རྒྱ་སེ་མེ་ཏོག་ལག་པའི་མཐིལ་ནས་བཞད་སོང་།
སང་ཉིན་ནས་བཟུང་གད་མོ་དགོད་སྟངས་སྤང་ཆོག །
ཁྱེད་ཀྱི་སེམས་པའི་འཛུམ་མདངས་བདག་གིས་རྙེད་སོང་།།
བདག་གིས་ཀུ་རེ་རྩེད་མོ་ཁ་བརྡ་ཙམ་ལས།།
ཁྱོད་ལ་མཁོ་བའི་ཚིག་གཅིག་ཁ་ནས་མ་ཐོན།།
བཤད་ན་འདོད་པའི་སྙིང་གཏམ་ཁོག་ལ་བཅུག་ནས།།
རང་རང་སར་ལ་བདེ་མོ་འཇོག་དགོས་ཐུག་སོང་།།
དེ་ཡི་ཕྱི་ཉིན་ཁ་པར་ཐེངས་གཅིག་བཏང་ཡང་།།
ཁྱེད་ཀྱི་ཁ་པར་ཁ་སྒོ་བརྒྱབས་ནས་བཞག་འདུག །
ཁྱེད་ཀྱིས་ང་ལ་ཁ་པར་ཕྱིར་ལ་བཏང་འདུག །
སྐབས་དེར་བདག་གི་ཁ་པར་བརྡ་རྟགས་མི་འདུག །
ད་རུང་ལས་ཤིག་ཡོད་ན་ལམ་ནས་འཕྲད་ཅིང་།།
ལས་དབང་མེད་ན་ཁྱིམ་གཅིག་ནང་ནས་འགལ་འགྲོ །
སྔོན་རྗེས་བྱུང་བ་ལེགས་ཉེས་ལས་ཀྱིས་གོ་སྒྲིག །
ལས་ཀྱི་མཛུལ་མོ་གང་ཀེར་དེ་ལ་ལྟ་འདུག །
བུ་ཡི་ཕ་རུ་གྱུར་བའི་རྒད་པོ་ཞིག་གིས།།
ན་ཆུང་བུ་མོ་ཞིག་གི་བརྩེ་བ་གླེང་ན།།
གཞན་དག་འཕྱ་དགོད་དབུགས་ཐག་ཆད་ན་ཐང་ཡང་།།
སྙན་ངག་པ་ཡི་ཁ་འདི་སྐྱག་ལངས་ཤོར་འདུག །
༠༡/༠༥/༢༠༡༣
Tags:
———
Back