སྐུ་སྲོག་གི་སྒྲོན་མེ་དང་མར་མེ་འཁྲུངས་སྐོར།

14/02/2012 18:24


    བོད་ནང་དུ་གནས་ཚུལ་ཆེ་མ་ཆུང་གསུམ་ལྔ་བཅུ་ལོ་གྲངས་ཤིག་ནས་དེ་རིང་བར་དུ་གཅིག་འཕྲོའི་གཅིག་ལ་བྱུང་ཡོད། གཅིག་འཕྲོའི་གཅིག་ལ་བྱུང་བའི་གནས་ཚུལ་འདི་དག་གི་གསེང་ན་མི་རིགས་ཤིག་གི་བདེ་སྡུག་དང་། མི་རིགས་ཤིག་གི་རང་དབང་། མི་རིགས་ཤིག་ཐོབ་ཐང་། མདོར་ན་མཐོ་སྒང་བོད་པ་ཚང་གི་ཅི་ཡང་འདུས་ཡོད། མཐོ་སྒང་བོད་པ་ཚང་གི་ཆེད་དུ་བོད་ནང་དུ་རྒྱུན་མ་ཆད་པའི་ལས་སྒོ་སྣ་མང་དེ་རིང་བར་དུ་འདི་ལྟར་སྤེལ་སོང་། 
  
  ཆེས་ཛ་དྲག་པ་ཞིག་ལ་ཉིས་སྟོང་བརྒྱད་ནས་བཟུང་བོད་ནང་དུ་སྐུ་སྲོག་གི་མཆོད་མེ་བསྒྲོན་པའི་འགོ་བརྩམས་པ་རེད། དེ་རྒྱུ་མཚན་ནི། རྡོ་ལ་ཁུ་ཚུར་གྱིས་བསྣུན་པས་གང་ལ་ཡང་ཐོག་རེག་མེད་པའི་དབང་གིས་རེད། ཆུང་ཆུང་ཞིག་གིས་མ་ཐུབ། ཆེན་པོ་ཞིག་མ་འཇོན་པའི་དེ་རིང་གི་ཉིན་འདིར་ངེད་ཚོས་རང་ལུས་མེ་ལ་བསྲེགས་དགོས་ཐུག་པ་རེད། འདི་ཨུ་ཐུག་པ་རེད། ཡིན་ན་ཡང་། ཨུ་ཐུག་ཐབས་ཟད་པའི་བྱ་བ་ཞིག་གི་ཆེད་དུ་འཇིག་རྟེན་ན་ཅི་བྱས་ཀྱང་། དེར་མིག་གིས་ལྟ་ནི་མེད་ལ་རྣ་བས་ཉན་ནི་ཡང་མེད། 

ཨུ་ཐུག་པའི་བྱ་བ་འདིར་ཉན་མཁན་དང་ལྟ་མཁན་ཞིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་རེད། བཙན་བྱོལ་བོད་གཞུང་གིས་ཀྱང་རྣ་བས་ཉན་པ་དང་མིག་གིས་ལྟ་བ་ཙམ་ལས་རང་ལུས་མེར་སྲེག་གི་བྱ་བའི་ཐད་ལ་རོ་མྱོང་ཅུང་ཙམ་ཡང་བྱས་མེད། རོ་མྱོང་བྱས་ཡོད་པའི་དབང་དུ་བཏང་ན་དེའི་མྱོང་ཚོར་ནི་མར་མེ་ཁྲོམ་སྐོར་དང་གསོལ་བ་སྨོན་ལམ་ཙམ་རེད། 
  
    གསོལ་བ་སྨོན་ལམ་ཙམ་གྱིས་རྒྱལ་ཁབ་ཅིག་གི་ལས་དོན་འགྲུབ་དཀའ་ན། ད་ནི་བཙན་བྱོལ་བོད་གཞུངགི་སྒྲིག་གཞི་དེ་ཡང་མར་མེ་ཁྲོམ་སྐོར་གྱི་ཁྲོམ་ར་ནས་ཕྱི་ལ་བུད་ན་བཟང་སྙམ། ཞི་བདེ་དང་ཡ་རབས་སྤྱོད་བཟང་གི་མར་མེ་ཁྲོམ་སྐོར་འདི་ད་ནི་ཟུངས་ཁྲག་གི་མར་མེ་ཞིག་ལ་བསྒྱུར་ན་ཅི་མ་རུང་སྙམ། བོད་ནང་ཁུལ་ལ་རྩྭ་འཇག་མ་ཞིག་གི་དོན་དུ་ཡང་ཁྲག་གི་མར་མེ་ཅི་ཙམ་བསྒྲོན་མྱོང་། 

  རྩྭ་འཇག་མ་ཞིག་གི་ཆེད་དུ་དཔའ་ངར་གྱི་རལ་གྲི་གདེངས་ནུས་ན་རྒྱལ་ཁབ་ཅིག་གི་དོན་དུ་རལ་གྲི་ཡི་རྣོ་ཁ་དེ་གདེངས་ན་ཅི་ལ་མི་རུང་། ཡིན་ན་ཡང་མི་རུང་བ་བཤད་མཁན་དེ་སུ་ཡིན་ནམ། མཉམ་འབྲེལ་རྒྱལ་ཚོགས་ནི་ཡིན་མི་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་ཆའི་གདེངས་ཀ་ལ་རོགས་རམ་བྱེད་ཀྱིན་འདུག 

    ངེད་ཚོའི་དྲང་བདེན་དང་ཞི་བདེ། ཆ་སྙོམ་ལ་ཁ་གྲགས་ནི་མེད་ན། ཉན་མཁན་ཞིག་ཡོད་ཆོག ཉན་མཁན་ཞིག་ཀྱང་མེད་སོང་། དེས་ན་བཙན་བྱོལ་བོད་གཞུང་དམ་བོད་མའི་སྒྲིག་འཛུག་གི་མར་མེ་ཁྲོམ་སྐོར་དེ་མཚམས་བཞག་ན་རེད། མར་མེ་ཁྲོམ་སྐོར་གྱི་ཚབ་ཏུ་ལས་འགུལ་གཞན་ཞིག་སྤེལ་ན་རེད། ལས་འགུལ་ཅི་ཞིག་སྤེལ་ཡང་ཆོག བོད་ནང་གི་བོད་མི་ཚོའི་སེམས་པ་མ་ཤི་བ་ཞིག་དང་། བོད་ནང་གི་བོད་མི་ཚོའི་སེམས་ལ་རེ་བ་ཡོད་པ་ཞིག་ཅིས་ཀྱང་སྤེལ་དགོས། བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་ལ་མིག་ཅེར་ནས་བལྟས། ཕྱི་ཕྱོགས་ཀྱི་བོད་མི་ཚོས་བོད་ནང་ལ་རྣ་གོར་ནས་ཉན། འདི་ནི་རང་མགོ་རང་གིས་གཡོག་པ་ཙམ་རེད། དཔེ་ལ་སྦྱར་ནས་བཤད་ན། བུ་ཕྲུག་མ་ངུ་དང་ཨ་མ་ཡོང་གི་ཡོད་ཅེས་པའི་གཏམ་དཔེ་དང་གཅིག་པ་རེད།

  བཙན་བྱོལ་བོད་གཞུང་ལགས། ངོ་མ་ཁྱེད་ཚོས་རང་གི་རྐུབ་སྟེགས་མི་རྩོད་པར་བོད་མིའི་རང་དབང་རྩོད་ཀི་ཡོད་ན། མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་ལ་དག་ཐེར་ཞིག་བྱེད་རོགས། མཆོད་འབུལ་སྨོན་ལམ་ངེད་ཚོས་མཉམ་དུ་བོད་ནང་དུ་བྱེད་ཆོག 

    བཙན་བྱོལ་བོད་གཞུང་ལགས། སྐུ་མཁྱེན། ད་མར་མེ་ཁྲོམ་སྐོར་རེ་བྱས་ནས་འདུག་རན་མ་རེད། བོད་ནང་དུ་སྐུ་སྲོག་གི་མཆོད་མེ་བསྒྲོན་བཞིན་འདུག མཆོད་མེ་དེ་དག་གི་འགན་རྒྱ་གཞུང་ལ་ཡོད་ལ་བོད་གཞུང་ལ་ཡང་ཡོད། བོད་ནང་གི་བོད་མི་ཚོས་རེ་བ་བྱེད་ས་དང་ཡིད་ཆེས་བྱེད་ས་དེ་རྒྱ་གཞུང་མ་རེད་བོད་གཞུང་རེད། ཤེས་སོང་ངམ།

    བོད་མི་ཡོད་དོ་ཅོག་གི་མིག་གིས་ལྟ་ས་དང་རྣ་ཡིས་ཉན་ས། སེམས་ཀྱི་རེེ་ས་ཁྱོད་ལས་མེད། ད་ངས་ཁྱོད་ལ་ཉན་ལ་འདུག ནམ་ཞིག་ཁྱོད་འུ་ཚང་གི་གནའ་བོའི་གྲོང་མཁར་པོ་ཏཱ་ལའི་མདུན་དུ་གངས་སེང་གི་དར་ཆ་དེ་བསྒྲེང་ཐུབ་བའི་ཡིད་ཆེས་བྱེད་བཞིན་ཡོད།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།