སྐྲ་སེར་མ་ཞིག་གྲོགས་ལ་བཀུགས།

02/07/2011 00:49

ནམ་རྒྱུན་ཡར་མར་འགྲོ་བའི་ལམ་བར་ནས།།

སྐྲ་སེར་གཞོན་ནུ་མ་ཞིག་ཡང་ཡང་འཕྲད།།
ཡང་ཡང་འཕྲད་པའི་ཟླ་བ་འགའ་ཡི་རྗེས།།
ཕན་ཚུན་ངོ་ཤེས་ལྟ་བུའི་སེམས་པ་ཆགས།།

ཁོ་མོས་ང་ལ་འཛུམ་ཞིག་བསྟན་ནས་འགྲོ།།
ངས་ཀྱང་མིག་གིས་རེ་རེ་བལྟས་ནས་སོང་།།
འདི་ལྟར་སོང་བའི་ཁ་སང་ཉིན་མའི་གོང་།།
ངེད་གཉིས་སྙན་ངག་ཅིག་གི་གླིང་དུ་ཞུགས།།

ངོ་ཚའི་བ་སྤུ་གྱེན་ནས་གྱེན་དུ་གཟིངས་།།
སྙིང་གི་ཤ་རྡོག་ལུ་གུ་ལྡིང་ལྡིང་བྱེད།།
ལག་པ་འདར་བཞིན་ལག་པ་ཐེངས་གཅིག་འཇུས།།
སྐད་མགོ་དམའ་མོས་སྙན་ངག་འདི་ལྟར་གླེང་།།

བདག་གི་ཁ་པར་ཨང་གྲངས་ཁྱོད་ལ་སྟེར།།
ཁྱེད་ཀྱི་ཁང་པའི་ཁ་བྱང་བདག་ལ་སྤྲོད།།
ཁྱོད་ཀྱི་སྙིང་གཏམ་ཁ་པར་ནང་ནས་ཤོད།།
བདག་གི་སེམས་པ་ཡི་གེར་འབྲི་ནས་བསྐུར།།

ཕར་ཕྱོགས་ལམ་ནས་ཁྱོད་ནི་ཚུལ་ལ་ཤོག །
ཚུར་ཕྱོགས་ལམ་ནས་བདག་ནི་ཕར་ལ་ཡོང་།།
བཞི་མདོའི་ཆང་ཁང་ཞིག་ནས་ངེད་གཉིས་ཐུག །
རྒུན་འབྲུམ་ཆང་དམར་བཏུང་ནས་འགྲོགས་ཤིག་འཛིན།།

བདག་གི་ཁྲ་ཆེན་མིག་གིས་ཁྱོད་ལ་བལྟ།།
ཁྱེད་ཀྱིས་མཛེས་པའི་འཛུམ་མདངས་བདག་ལ་སྟོན།།
འཛུམ་མདངས་ཐོག་མ་མཛེས་པའི་ལང་ཚོ་ཡིན།།
ཁྱོད་ཀྱི་ལང་ཚོ་དར་ལ་རྟེན་འབྲེལ་ཞུས།།

བདག་གི་ལག་པ་གཉིས་ཀྱིས་ཆང་ཞིག་འདྲེན།།
ཁྱེད་ཀྱིས་སྤྲོ་བའི་ངང་ནས་གཙང་བཞེས་མཛོད།།
མཆོད་ཆང་ཐོག་མ་བསམ་པའི་དོན་འགྲུབ་ཡིན།།
བདག་གི་བསམ་དོན་འགྲུབ་པའི་རྟེན་འབྲེལ་ཞུས།།

ད་མ་དིག་གི་ཧྥ་སྐད་བདག་གིས་བཤད།།
འདྲ་མ་འདྲེས་ཀྱི་རྣམ་འགྱུར་ཁྱོད་ཀྱིས་སྟོན།།
ག་མ་གོ་ཡིས་གོ་བརྡ་འཕྲོད་ཐུབ་བྱེད།།
བར་མ་བར་ནས་སེམས་པ་མཐུན་གི་འཇུག །

མེ་ཏོག་ལྟ་བུའི་མཛེས་སྡུག་ཁྱོད་ལ་ལྡན།།
གཡུ་སྦྲང་ཞིག་གི་གཤོག་རྩལ་ང་ལ་ཡོད།།
གེ་སར་འདྲ་བའི་འདང་ཞིག་ཁྱོད་ཀྱིས་སྦྱིན།།
དུངས་པ་ཟབ་པའི་གླུ་དབྱངས་བདག་གིས་གྱེར།།

ཁྱོད་ཀྱི་མགོ་ཡི་སྐྲ་ལོ་སེར་ན་སེེར།།
དཔྲལ་བའི་མིག་གི་ཁ་དོག་སྔོ་ན་སྔོ།།
ཡ་ཆུང་བརྩེ་བའི་སྙིང་གི་ལྡིང་ཁང་ནས།།
ཕྱི་ཐག་སེམས་པ་དཀར་ན་དེ་ཡིས་འགྲིག །

ཁྱོད་ཀྱི་ཆོས་ལུགས་ཡེ་ཤི་ཡིན་ན་ཡིན།།
བདག་གི་ལྷ་ལ་དད་པ་མེད་ན་མེད།།
ཁྱོད་དང་ང་ཡི་སེམས་པ་མཐུན་སོང་ན།།
འཇིག་རྟེན་བརྩེ་བ་ངེད་གཉིས་དཀོན་མཆོག་ཡིན།།

ཁྱོད་ཀྱི་རིགས་རྒྱུད་ཕྱི་གླིང་ཡིན་ན་ཡིན།།
ཤ་ཁྲག་རུས་གསུམ་བདག་དང་མ་གཅིག་ཆོག །
འདི་དག་ཚང་མ་ཕྱི་ཡི་རྣམ་པ་ཙམ།།
ནང་སེམས་མི་ཡི་ཁ་དོག་སུ་ཡིས་འབྱེད།།

གངས་ཅན་བོད་ནས་ཡོང་པའི་ཕོ་རྒོད་ང་།།
བལྟས་ན་གཡག་དང་འདྲ་བའི་སྤྱོད་པ་རྩུབ།།
འགྲོགས་ན་མེ་ཏོག་ལྟ་བུའི་སེམས་གཤིས་འཇམ།།
མཐུན་ན་རྫ་ཆུ་འདྲ་བའི་ངང་རྒྱུད་རིང་།།

ཕྱི་གླིང་གྲོང་ཁྱེར་ནང་གི་བུ་མོ་ཁྱོད།།
མཐའ་ཡས་རྩྭ་ཐང་ནས་ཡོང་བོད་པའི་བུ།།
སྙིང་དུ་སྡུག་པའི་ཡོན་ཏན་འཛོམས་ཡོད་ན།།
འགྲོགས་ཤིག་འཛིན་རྒྱུ་ཡིན་མིན་ཁྱོད་ཀྱིས་ལྟོས།།

བདག་གིས་འདི་ལྟར་ཁ་ཡག་བཤད་མ་ཐག །
ཕྱི་རྒྱལ་བུ་མོ་ཁ་རེ་ཁ་ཐུག་རེད།།
ཁ་མ་དེ་ནས་བདག་གི་མགྲིན་ལ་འཁྱུད།།
འགྲམ་པ་སྐྱོར་ནས་ཞིམ་པོའི་འོ་ཞིག་བྱས།།

༢༦/༠༤/༢༠༡༡ མཚན་མོར།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།