སྒོ་འགྲམ་གྱི་གསང་བ།
16/05/2012 13:16
ལྡེ་མིག་གཅིག་ཆུང་མས་ཁྱེར་སོང་།། གཞན་པ་དེ་བུ་མོས་ཁྱེར་འདུག ། ཕ་ལོ་ང་ལྡེ་མིག་མེད་པས།། སྒོ་འགྲམ་ནས་སྒུག་དགོས་བྱུང་སོང་།།
ཆུང་མ་ལ་ཁ་པར་བཏང་ཡང་།། ཁ་པར་གྱི་མེ་གློག་རྫོགས་འདུག ། བུ་མོ་ལ་བསྒུག་ཀྱང་མ་བསླེབས།། ཆང་ཁང་ཞིག་མ་བཙལ་ཐབས་མེད།།
སྡོད་ཁྱིམ་གྱི་ཉེ་འགྲམ་ཞིག་ན།། ཆང་ཁང་ཞིག་ཡོད་པར་ཕྱིན་ནས།། ཉི་མ་ལ་ངོ་གདོང་གཏད་ནས།། སྙན་ངག་གི་སྒོ་མོ་བརྡུང་འདོད།།
ཨ་རག་གིས་བཟི་ཁ་བཙན་པས།། རིག་པ་དེ་རྒྱང་ལ་སྤྱུགས་སོང་།། སྙན་ངག་དེ་ཕར་ལ་བྲོས་ཀྱང་།། མཛེས་མ་ཞིག་ཉེ་སར་དུད་སོང་།།
སྒྲ་སྙན་ཞིག་རྒྱབ་ལ་འཁུར་ནས།། པར་ཆོས་ཞིག་མདུན་ན་སྣར་བའི།། ཕྱི་གླིང་གི་ཞི་མོ་ཆུང་ཆུང་།། སྙན་ངག་གི་ལྷ་མོ་ཡིན་ནམ།།
འདིར་སྡོད་ཅེས་ང་ཡིས་མ་བསུས།། འདུག་ཆོག་ཅེས་ང་ལ་མ་དྲིས།། གཡས་འགྲམ་གྱི་རྐུབ་སྟེགས་སྟེང་ནས།། ཟུར་མིག་ཅིག་ང་ལ་འཕངས་སོང་།།
མཛེས་མ་ཡི་ཟུར་མིག་གཅིག་གིས།། ཉི་མ་ཡི་དྲོད་སྣང་འཕྲོག་སོང་།། ཞལ་རས་ཀྱི་འཛུམ་མདངས་དེ་ཡིས།། ཨ་རག་གི་བཟི་ཁ་ཉམས་སོང་།།
ངེད་གཉིས་ལ་གཏམ་གླེང་མེད་ཀྱང་།། ཕན་ཚུན་ལ་ལྟ་བའི་ཟུར་མིག ། ནང་སེམས་ཀྱི་གསང་བ་གསལ་བས།། ཉི་མ་ཡང་རྒྱང་ལ་བྲོས་སོང་།།
སྐར་ཚོགས་ཀྱི་རིག་རིག་མིག་གིས།། སྤྲིན་པ་ཡི་འོག་ནས་ལྟ་བཞིན།། མི་ཡུལ་ལ་དུངས་པ་སྐྱེས་ནས།། སྐར་མ་དག་ས་ལ་བབས་བྱུང་།།
ཉི་མ་ཡིས་བརྗོད་པ་ཡིན་ནམ།། སྐར་མ་ཡིས་བཤད་པ་ཅི་ཤེས།། ཞོགས་པ་ཡི་སྐྱ་རངས་དཀར་པོས།། ངེད་གཉིས་ལ་ཁ་དར་བསྒྲོན་སོང་།།
བདེ་མོ་ཅེས་སྐེ་ལ་འཁྱུད་བཞིན།། ང་དགའ་ཞེས་བྲང་ཁ་བརླན་བཞིན།། རང་རང་སར་གོམ་པ་སྤོ་དུས།། ཞེ་འདང་ཞིག་ས་ལ་ཐིམས་སོང་།།
ཁྱ་ཁྱོར་གྱི་ར་བཟིའི་རྐང་པ།། རང་ཁྱིམ་ལ་ལྷོད་ཀྱིས་སྤོ་དུས།། བདེ་བདེ་ཀྱི་མལ་ཁྲིའི་སྟེང་ན།། ཆུང་མ་ཁོང་གཉིལ་ལ་ཡུར་འདུག ། |
Tags:
———
Back