སྙན་ངག་གི་བརྗོད་བྱ་འཚོལ་དུ་ཕྱིན་པའི་ལམ་བར།
04/07/2013 21:38སྙན་ངག་གི་བརྗོད་བྱ་འཚོལ་དུ་ཕྱིན་པའི་ལམ་བར
ནམ་རྒྱུན་ཆང་གིས་ཅུང་ཙམ་བཟི་རྗེས་ངས་སྙན་ངག་ཅིག་འབྲི་བར་འབད་རྩོམ་བྱས་མ་མྱོང་བ་ཧ་ལམ་མེད་ལ་སྙན་ངག་ཅིག་མ་བྲིས་པ་ཡང་ཧ་ལམ་ཉུང་། དེ་རིང་ཡང་ཆང་རག་གི་བཟི་ཁ་དང་འགྲོགས་ནས་སྙན་ངག་གི་བརྗོད་བྱ་ཞིག་འཚོལ་དུ་ཕྱིན་མོད། དེ་རིང་གི་ཆང་འདི་ནམ་རྒྱུན་ངས་འཐུང་བཞིན་པའི་ཆང་དེ་དང་མི་འདྲ་བའི་རྐྱེན་ཡིན་ནམ། ཡང་ན། དེ་རིང་ལུས་ཕུང་ཅུང་མི་བདེ་བའི་དབང་གིས་ཡིན་ནམ། ཡང་ན། སྨན་པས་སྤྲད་པའི་སྨན་རིལ་བུ་དེ་དག་འཐུང་བའི་རྐྱེན་ཡིན་ནམ། གང་ལྟར་ངའི་སེམས་ཁམས་དང་སྙན་ངག་གི་ཚོར་བ་ནི་ནམ་རྒྱུན་ཆང་ཁ་ནས་འཕུར་བའི་རྒོད་པོ་དེ་གཏན་ནས་མ་ཡིན།
ཡིན་ན་ཡང་། ང་ཡིད་ཐང་གཏན་ནས་མ་ཆད། ཆང་ཁ་ནས་འཕུར་བའི་རྒོད་པོ་ང་རྒྱང་རིང་ཞིག་ལ་འཕུར་བར་བསམས་ཏེ་རྒྱ་གར་གྱི་རཱ་མའི་རི་བོ་སྟེ་གནོད་སྦྱིན་གང་ཞིག་བཙོན་དུ་བྱེད་སའི་རི་བོ་དེར་འཕུར་འགོ་བརྩམས། སྤྲིན་གྱི་ཕོ་ཉ་བགྲོད་སའི་གྲོང་ཁྱེར་དང་རི་ལུང་། ནགས་ཚལ་དང་ཐང་སྟོང་། རྒྱ་མཚོ་དང་ཆུ་ཕྲན་རེ་རེ་བཞིན་བརྒལ་ཏེ་རཱ་མའི་རི་བོར་བསླེབས་ཀྱང་། རི་བོ་དེ་ན་མེ་ཡིས་བསྲེགས་པའི་ཤིང་སྡོང་གི་རྩ་བ་ནག་རིལ་རིལ་གཡག་མགོར་འདྲ་བ་དང་། ཆར་ཆུ་མ་བབས་པས་སྐམ་པར་གྱུར་བའི་མེ་ཏོག་གི་འདབ་མ། སྨན་ཤིང་གི་ལོ་མ་ས་རུ་ལྷུང་བ་འགའ་རླུང་གིས་འཁུར་བཞིན་པ་ལས་ཅི་ཡང་མི་འདུག རྒྱ་གར་གྱི་མ་ཧ་སྙན་ངག་པ་ནག་མོ་ཁོལ་གྱིས་སྙན་ངག་གི་སྲོག་ཏུ་བཟུང་བའི་རཱ་མའི་རི་བོ་དེ་རུ་ངས་ཅི་ཡང་མ་རྙེད།
ཡིན་ན་ཡང་། ང་ཡིད་ཐང་གཏན་ནས་མ་ཆད། ང་ཕྱིར་འཁོར་ཏེ་རྒྱ་གར་གྱི་དྲང་སྲོང་ཆེན་མོ་གྲོག་མཁར་གྱི་བརྩམས་པའི་རཱ་མ་ཎའི་གཏམ་རྒྱུད་ནང་བཀོད་པའི་ལངྒའི་ཡུལ་དུ་འཕུར། ཡུལ་དེ་རུ་ཀྱང་རཱ་མ་ཎའི་མདའ་ཡིས་བཅད་པའི་ལངྒ་མགྲིན་བཅུ་ཡི་སྐེ་ནས་བཞུར་བའི་ཁྲག་ཁུག་སྐམ་པོ་དང་། སྤྲེའུ་ཧ་ཎི་མན་ཐའི་རྔ་མས་བྲག་ལ་བརྡར་བའི་རི་མོ་གསལ་ལ་མི་གསལ་བ་འགའ་རེ། སི་ཏཱའི་སྐྲ་ཡི་ལན་བུ་རེ་ཤིང་སྡོང་གི་ཡལ་གར་ཐོགས་འདུག་པ་ལས་ཅི་ཡང་མ་མཐོང་ལ་སྙན་ངག་གི་བརྗོད་བྱ་ཞིག་གཏན་ནས་མ་རྙེད།
ཡིན་ན་ཡང་། ང་ཡིད་ཐང་གཏན་ནས་མ་ཆད།
ང་རི་བོ་ཏི་སེ་ཡི་མགོ་ནས་འཕུར་ཏེ་སྨད་ཨ་མདོའི་ཡུལ་དུ་བསླེབས། སྒེས་རྟིང་བློ་བཟང་དཔལ་ལྡན་གྱིས་སྤྲིངས་པའི་ཕོ་ཉ་གཞོན་ནུ་དོན་འགྲུབ་བགྲོད་སའི་ལམ་དུ་བཞུད། ལོ་ངོ་ཉི་ཤུ་ལ་མཐོང་མ་མྱོང་བའི་ཕ་ཡུལ་གྱི་མཛེས་ལྗོངས་ལ་ལྟ་བཞིན་མགྱོགས་སུ་འཕུར། ལོ་ངོ་ཉི་ཤུ་ལ་ཉན་མ་ཐུབ་པའི་མཛེས་མ་ཚོའི་དགོད་སྒྲ་ལ་ཉན་བཞིན་མགྱོགས་སུ་འཕུར། རོང་མོའི་ལ་གཞས། འབྲོག་མོའི་ལ་གཞས་ལ་ཉན་བཞིན་ཉན་བཞིན་མགྱོགས་སུ་འཕུར། འབྲོག་མོ་ཚོས་འབྲི་མོ་བཞོ་བའི་དགོ་དགོ་ལ་ཉན་བཞིན་མགྱོགས་སུ་འཕུར། རོང་མོ་ཚོས་ཞིང་ཁ་ནས་ཡུར་མ་ཡུར་བཞིན་དགོད་པའི་ཧེ་ཧེ་ལ་ཉན་བཞིན་མགྱོགས་སུ་འཕུར། འཕུར་འཕུར་བའི་མཐའ་མ་དེར་འཇིགས་སུ་རུང་བའི་རི་སྡེ་གཉིས་ཀྱི་བར་དུ་བསླེབས། དབྱར་རྩ་དགུན་འབུ་ཡི་ཚེ་སྲོག་གཅོད་བཞིན་མི་ཡི་ཚེ་སྲོག་གཅོད་རེས་བྱེད་བཞིན་པ་མཐོང་། མེ་མདའི་སྒྲ་སྐག་སྐག་སྐག རལ་གྲིའི་ཁ་འོད་ལམ་ལམ་ལམ། ཨོ་ཧོ་ཧོ། འཇིགས་སུ་རུང་བའི་དུར་ཁྲོད། མི་ཡུལ་ནས་མྱངས་པའི་དམྱལ་བ། ལ་ལས་མགོ་བོ་གད། ལ་ལས་རྐང་པ་ཆག ལ་ལས་རྒྱུ་མ་བླུག ཨ་ཚ་ཚ། གསོད་རེས་ཀྱི་མེ་ལྕེ་དགོང་དུ་མཆེད། རལ་གྲི་དང་རལ་གྲི་འཕྲད་པའི་མེ་སྟག་ས་རུ་ཐོར། འཇིགས་སུ་རུང་བའི་ཡུལ་འདི་མཐོང་ཚེ། ངས་ལ་རྒྱ་ཡི་སྙན་ངག་ཅི་ལྟར་འབྲི། ཡུལ་འདི་རུ་ང་ལ་སྙན་ངག་གི་བརྗོད་བྱ་ཞིག་ཡོད་དམ།
ང་ཡིད་ཐང་ཆད་ཞོར། ང་འགྱོད་པ་སྐྱེས་ཞོར། ངས་ཕ་ཡུལ་ལ་ཕྱིར་ལྟ་བྱེད་ཞོར། མགྱོགས་སུ་རང་ཁྱིམ་དུ་བསླེབས།
ཆུང་མའི་འཛུམ་ལ་བལྟས། ཆུང་མའི་གླུ་ལ་ཉན། འདི་ནས་སྙན་ངག་གི་བརྗོད་བྱ་ཞིག་བརྙེད་སྲིད།
༠༤/༠༧/༡༣
Tags:
———
Back


