སྙན་ངག་ནི་ཅི་ཞིག་ཡིན་ནམ།

09/06/2013 13:09

          སྙན་ངག་ནི་ཅི་ཞིག་ཡིན་ནམ།

 
                    ༼ཀ༽
སྙན་ངག་ནི་ངའི་ཡབ་མེས་ཀྱི་ཤ་གསིང་ནས་བཞུར་བའི་ཁྲག་རྒྱུན་དེ་ཡིན་ནམ།
སྙན་ངག་ནི་ངའི་ཕ་མའི་ལུས་སྟེང་ནས་ཟགས་པའི་རྔུལ་ཆུ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་བཙན་པོ་རིམ་བྱོན་གྱིས་བཙུགས་པའི་རྡོ་རིང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་མཁས་པ་རིམ་བྱོན་གྱིས་བརྩམས་པའི་གླེགས་བམ་དེ་དག་ཡིན་ནམ།
 
                 ༼ཁ༽
སྙན་ངག་ནི་མཐོན་པོའི་རི་ལ་བཙུགས་པའི་ལ་རྩེ་དེ་ཡིན་ནམ།
སྙན་ངག་ནི་དམའ་བའི་གཞོང་ལ་བཞེངས་པའི་རྡོ་འབུམ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་སོར་བཅུ་བྲང་ཁར་སྦྱར་བའི་དད་པ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་འཁོར་བའི་སྡུག་བསྔལ་གཅོད་བྱེད་ཀྱི་བྱིན་རླབས་དེ་ཡིན་ནམ།
 
                    ༼ག༽
སྙན་ངག་ནི་དབུ་རྩེ་མཁའ་རུ་བསྙེགས་པའི་གངས་རི་དེ་དག་ཡིན་ནམ།
སྙན་ངག་ནི་གངས་ལས་བབས་ཏེ་མཚོ་ལ་འདྲེས་པའི་ཆུ་བོ་དེ་དག་ཡིན་ནམ།
ཡང་ན། སྙན་ངག་ནི་མཐའ་མེད་ཅིང་དྲི་ཞིམ་པའི་རྩྭ་ཐང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་གྲོ་ནས་སྲམ་གསུམ་གྱི་སྙེ་མ་འཁྲུངས་སའི་ཞིང་ཁ་དེ་ཡིན་ནམ།
 
                   ༼ང༽
སྙན་ངག་ནི་གཡག་རྩིད་དང་རྟ་རྔས་བསླས་པའི་སྦྲ་ནག་དེ་ཡིན་ནམ།
སྙན་ངག་ནི་ས་དང་རྡོ་ཡིས་བསྐྲུན་པའི་སྡེ་གྲོང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་སྟོན་འབྲས་འབྲུ་ཡིས་གང་བའི་བང་མཛོད་དེ་ཡིན་ནམ།།
 
                  ༼ཅ༽
སྙན་ངག་ནི་རང་ལ་མཁོ་ཞིང་ཕན་པའི་འབྱོར་བ་དེ་ཡིན་ནམ།
སྙན་ངག་ནི་རང་ལ་སྐྱིད་ཅིང་བདེ་བའི་འཚོ་བ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་རང་དང་འབྲལ་དཀའ་བའི་གྲིབ་མ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་ནམ་ཡང་རང་དང་འགྲོགས་པའི་ཁ་དབུགས་གཙང་མ་དེ་ཡིན་ནམ།
 
                ༼ཆ༽
སྙན་ངག་ནི་རང་གི་ལུས་ལ་འཕྲོ་བཞིན་པའི་ཉི་འོད་དེ་ཡིན་ནམ།
སྙན་ངག་ནི་རང་གི་གདོང་ལ་བརླན་བཞིན་པའི་བསིལ་རླུང་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་ཞོགས་པའི་རེ་བ་དང་སྨོན་ལམ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་དགོང་དྲོའི་ཐོབ་ཤོར་གྱི་དགའ་སྐྱོ་དེ་ཡིན་ནམ།
 
                   ༼ཇ༽
སྙན་ངག་ནི་རང་གི་འགྲམ་དུ་བཞད་པའི་མེ་ཏོག་གི་མཛེས་སྡུག་དག་ཡིན་ནམ།
སྙན་ངག་ནི་ཐོས་འཛིན་ལ་གླུ་གཞས་གྱེར་བའི་ཆུ་བོའི་བཞུར་སྒྲ་དེ་ཡིན་ནམ།
ཡང་ན། སྙན་ངག་ནི་རང་ཉིད་ཀྱི་ཉེ་འགྲམ་དུ་མཆིས་པའི་བྱ་དངོས་དེ་དག་ཡིན་ནམ།
ཡང་ན། སྙན་ངག་ནི་སེམས་ཀྱིས་ཤེས་ཤིང་མིག་གིས་མཐོང་བ་དག་ཡིན་ནམ།
 
                ༼ཉ༽
 
སྙན་ངག་ནི་རང་གིས་བྲང་ཁ་སྦྱོར་ཆོག་ཆོག་གི་དགའ་མ་དེ་ཡིན་ནམ།
སྙན་ངག་ནི་རང་གིས་བརྗོད་ཆོག་ཆོག་གི་སྙིང་གཏམ་དེ་དག་ཡིན་ནམ།
ཡང་ན། སྙན་ངག་ནི་ངས་ད་ལྟ་འཐུང་བཞིན་པའི་ཝུ་ཆང་འདི་ཡིན་ནམ།
ཡང་ན། སྙན་ངག་ནི་ངས་ད་ལྟ་སྒྲོན་བཞིན་པའི་ཐ་མག་འདི་ཡིན་ནམ།
 
༠༨/༠༦/༡༣
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།