སྙན་ངག་པ་ཁ་སྒང་བསམ་གཏན་ལགས་སུ་ཁ་བརྡ་ཐུང་ངུ་ཞིག་བྱས་པ།

16/07/2012 15:15

 

དྲི་བ། བཀྲ་ཤིས་བདེ་ལེགས། ཐོག་མར་རྒན་ཁྱེད་རང་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།

ལན། ངའི་མིང་ལ་བསམ་གཏན་རྒྱ་མཚོ་དང་སྨྱུག་མིང་ལ་འབའ་སྲས་ཟེར། མདོ་སྨད་མཚོ་ལྷོ་འབའ་རྫོང་ཁ་སྒང་སྡེ་བར་སྐྱེས། ཆུང་ཆུང་བྱིས་པའི་དུས་སུ་སློབ་གྲྭའི་ར་བ་ནས་ཀ་ཁའི་དབྱངས་དང་འགྲོགས་ནས་འཚར་ལོངས་བྱུང་ཞིང་། ཕོ་གཞོན་དར་མའི་སྐབས་སུ་དགོན་པའི་ཆོས་ར་ནས་འཁོར་བའི་གྲོང་ལ་རྒྱབ་བསྟན་པའི་གྲས་སུ་ཞུགས་ནས་ལོ་ལྔ་ཙམ་འདས། ད་ལྟ་རྒས་ལ་ཉེ་དུས་ནུབ་ཕྱོགས་ཧྥ་རན་སའི་རྒྱལ་ས་ཕེ་རི་སི་ནས་ངལ་རྩོལ་དུ་རྒྱུག་བཞིན་པ་དང་། འདས་པའི་ལོ་ངོ་བཞི་བཅུའི་རིང་གི་ལམ་བུ་ལ་ཕྱིར་མིག་ཅིག་བལྟས་ཚེ་ངོ་མ་དགོད་སྤྲོ་བ་ཞིག་དང་ཡ་མཚན་པ་ཞིག་ཀྱང་རེད།

བཙན་བྱོལ་ཡང་བྱོལ་དུ་ཕྱིན་པའི་བདག་གི་ལམ་བུ་རེ་རེ་ནས་བདག་གིས་མ་ལས་པ་ཞིག་ཧ་ལམ་མི་འདུག་སྙམ། སྐབས་རེར་ཆོས་པ་བྱས་མྱོང་ལ་ལན་རེར་ཚོང་བ་བྱས་མྱོང་། ཡང་སྐབས་རེར་དགེ་རྒན་བྱས་མྱོང་ལ་ཡང་ལན་རེར་གཡོག་པོ་དང་སྦྱིན་བདག་ཀྱང་བྱས་མྱོང་། འདི་ཚང་མ་ང་དང་ངའི་ལོ་རྒྱུས་སུ་འབྲི་ཆོག་པའི་ཡིག་འབྲུ་རེ་རེ་ཡིན།
 

དྲི་བ། ཉེ་ཆར་གསར་དུ་ཐོན་པའི་ཉིད་ཀྱི་སྙན་ངག་གི་དེབ་ཕྲེང་ “སྙན་ངག་གི་གྲོང་ཁྱེར་” སྐོར་ནས་འགྲེལ་བརྗོད་ཐུང་ངུ་ཞིག་གནོངས་དང་།

ལན། ང་སྙན་ངག་ལ་དགའ་མཁན་ཞིག་ཡིན་པའི་ཆ་ནས། ངས་བྲིས་པའི་སྙན་ངག་དང་སྙན་ངག་གི་དེབ་ཕུད་ལ་འགྲེལ་བརྗོད་ཅི་ཡང་མེད། རྒྱུ་མཚན་ནི། དགའ་བ་མངོན་གྱུར་ཙམ་ཡིན། ཡིན་ན་ཡང་། དེབ་ཏུ་བཏུས་པའི་རྩོམ་མིང་དང་ཅི་ཞིག་གི་སྐོར་བྲིས་ཡོད་མེད་སྔོན་འགྲོའི་མཚམས་སྦྱོར་ཞིག་བྱས་ན་མི་ཆོག་པ་མེད།
ངའི་༼སྙན་ངག་གི་གྲོང་ཁྱེར་༽ཞེས་པའི་དེབ་དེར་ཚན་པ་གསུམ་དུ་ཕྱེས་པའི་བཅད་མའི་སྙན་རྩོམ་དྲུག་ཅུར་ཟིན་པ་ཙམ་ཡོད་ལ་ཁྱོམ་བསྡོམས་ཡིག་འབྲུ་སུམ་ཁྲི་བརྒྱད་སྟོང་ལྷག་ཡོད། སྡེ་ཚན་དང་པོ་༼བླ་སྲོག་གི་གཏམ་རྒྱུད་ནག་པོའི་༽ནང་གི་སྙན་ངག་དག་གིས་ངའི་སེམས་ཀྱི་གཅེས་ནོར་དག་མངོན་དུ་གྱུར་ཡོད་ལ། སྡེ་ཚན་གཉིས་པ། ༼ཚོར་རྟོག་གི་རི་མོ་དམར་པོའི་༽ནང་དུ་སེམས་དྲན་མིག་མཐོང་དང་། མྱོང་བ་དམར་རྗེན། ལ་རྒྱ་དང་དུངས་ཞེན་སོགས་རང་གི་སེམས་ཚོར་གཙོ་བོར་མཚོན་པའི་སྙན་ངག་དག་བཀོད་ཡོད། སྡེ་ཚན་གསུམ་པ། ༼འཕྲིན་ལམ་གྱི་སེམས་གཤིས་དཀར་པོའི་༽ནང་དུ། ཡུན་རིང་དགེ་སློབ་ཀྱི་འབྲེལ་བ་དང་གྲོགས་ཀྱི་འབྲེལ་བ་ཟབ་པའི་ཤ་བོ་རྟ་མགྲིན་ལགས་སུ་སྤྲིངས་པའི་འཕྲིན་ཡིག་དག་བཀོད་ཡོད།
 

དྲི་བ། རྒན་ཁྱེད་རང་ལ་མཚོན་ན་སྙན་ངག་གི་ལམ་བུར་ཞུགས་ཏེ་ཡུན་རིང་འགོར་བའི་རྒན་རབས་སྙན་ངག་པ་ཞིག་རེད། ད་ལྟ་ཁྱེད་ཀྱིས་ཕྱིར་འདང་ཞིག་བརྒྱབས་ན་ཐོག་མར་ཇི་ལྟར་སྙན་ངག་འབྲི་བའི་ལམ་བུར་ཞུགས་པ་དང་། དེ་ནས་ད་ལྟའི་བར་དུ་སྙན་ངག་བྲིས་པའི་སྟེང་ནས་ཁ་བརྡ་ཞིག་བྱས་ན་གང་འདྲ་འདུག

ལན། ང་རང་ཆུང་བའི་དུས་ནས་གླུ་ལ་གཞས་ལ་དགའ་མཁན་ཞིག་ཡིན། དམངས་ཁྲོད་ནས་བྱུང་བའི་གླུ་དང་ལ་གཞས་ཀྱིས་ངའི་སེམས་ལ་སྙན་ངག་གི་ས་བོན་ཐོག་མར་བསྐྲུན་པ་རེད། (དེང་སང་ཡང་གླུ་དང་ལ་གཞས་ཀྱིས་ངའི་སྙན་ངག་ལ་ཤུགས་རྐྱེན་གང་མང་ཐེབས་ཡོད།) རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དམུ་དགེ་བསམ་གཏན་ཚང་དང་མཁས་དབང་བཤད་སྒྲུབ་རྒྱ་མཚོ་དམ་པ་གཉིས་ཀྱི་སྐུ་མདུན་ནས་དབྱངས་ཅན་དགྱེས་གླུ་དང་། ཡང་གསལ་སྣང་མཛོད། ཚངས་སྲས་བཤད་སྒྲ་བཅས་སློབ་ཁྲིད་བྱེད་པའི་སྐལ་བ་བཟང་བོ་ཐོབ་པས་སྙན་ངག་ལ་དུངས་པ་ཇེ་ཆེར་ཕྱིན་པ་མ་ཟད། རང་ཉིད་ཀྱང་སྙན་ངག་གི་དགེ་རྒན་ལོ་མང་བྱས་པ་བཅས་ལ་བརྟེན་ནས་སྙན་ངག་ལ་དོན་ངོ་མས་དགའ་མཁན་ཞིག་ཏུ་གྱུར་བ་རེད། སྙན་ངག་ལ་དགའ་བའི་དབང་གིས་དུས་ཚོད་ནམ་ཡོད་ལ་སྙན་ངག་ཅིག་འབྲི་བསམ་པ་ལས་གཞན་ཅི་ཡང་མི་དྲན། ༼སྙན་ངག་གི་གྲོང་ཁྱེར་༽ནང་དུ་བཀོད་པའི་སྙན་ངག་དག་ཀྱང་། གུང་གསེང་གི་དུས་ཚོད་དང་ལས་ཞོར་འགྲོ་ཞོར་གྱི་སྐར་ཆ་རེ་རེ་བེད་སྤྱད་ནས་བྲིས་པ་ཡིན་པས་ཟླ་བ་དྲུག་ཙམ་ལས་འགོར་མེད་ལ་མི་འགྱངས་པར་སླར་ཡང་སྙན་ངག་གི་དེབ་ཅིག་འདོན་འཆར་ཡོད།
 

དྲི་བ། ཁྱེད་རང་ད་ལྟ་ཕྱི་གླིང་དུ་བཞུགས་ཀྱིན་པ་རེད། ད་ལྟའི་ཁྱེད་ཀྱི་ཁོར་ཡུག་དང་སེམས་ཁམས། འཚོ་བ་བཅས་ཀྱིས་ཁྱེད་ལ་སྙན་ངག་འབྲི་རྒྱུར་འགོག་རྐྱེན་འདྲ་འཕྲད་ཀྱིན་འདུག་གམ། ཡང་ན། སྙན་ངག་པ་མང་བོ་ཞིག་ཕྱི་ཡུལ་དུ་ཕེབས་རྗེས་སྙན་ངག་འབྲི་བའི་རྒྱུན་ཆད་ཀྱིན་པར་ཁྱེད་ལ་དགོངས་ཚུལ་ཅི་ཡོད།

ལན། ང་ལ་མཚོན་ན་ཕྱི་གླིང་གི་འཚོ་བ་དང་ཟང་ཟིང་། བྲེལ་འཚུལ་སོགས་ཀྱིས་དཀའ་ངལ་དེ་ཙམ་བཟོས་མ་སོང་། རྒྱུ་མཚན་ནི། ཀུ་ཤུ་རྟགས་ཅན་གྱི་ཁ་པར་སྤྱི་ཚོགས་ཐོག་ཐོན་པས་སྙན་ངག་འབྲི་བ་དང་གསར་འགྱུར་ཀློག་པ་སོགས་ཕྱོགས་གང་གི་ཐད་ནས་སྟབས་ཇེ་བདེར་སོང་ཡོད། དཔེར་ན། མི་ཞིག་ནང་ནས་ལས་ཀ་བྱེད་ས་བར་མེ་འཁོར་ལ་བསྡད་ནས་ཆུ་ཚོད་གཅིག་ལ་འགྲོ་དགོས་ན་ཆུ་ཚོད་གཅིག་པོ་དེ་རང་གིས་བེད་སྤྱད་ན་འགྲིག་གི་རེད། ང་ལ་མཚོན་ན་སྙན་ངག་འབྲི་བའི་དུས་ཚོད་ཡག་ཤོས་དེ་ཡར་འགྲོ་མར་ལོག་གི་དུས་ཚོད་དེ་རེད། གཙོ་བོ་མི་རང་རང་ལ་རེག་ལས་པ་རེད། སྙན་ངག་པ་ཁ་ཅིག་ཕྱི་གླིང་ཞིག་ཏུ་སོང་ནས་ཟ་ཁང་ལྟ་བུ་ཞིག་ནས་ལས་ཀ་བྱས་པའི་ཉིན་མ་དེ་ནས་བཟུང་སྙན་ངག་འབྲི་རྒྱུ་མེད་པ་ཆགས་འགྲོ་གི་འདུག ཁོ་བོ་ཚོ་ནི་སྙན་ངག་ལ་དགའ་མཁན་ངོ་མ་དེ་མ་རེད་སྙམ།
 

དྲི་བ། ཉེ་ལམ་རྨ་དུག་ལྕེས་ཉིད་ཀྱི་ཆུང་མའི་སྐོར་ནས་རྩོམ་ཡིག་ཅིག་བྲིས་ཏེ། ཁོ་མོ་ནི་ཉིད་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་རམ་འདེགས་བྱེད་མཁན་གྱི་ཆུང་མ་བཟང་མོ་ཞིག་རེད། དེར་བརྟེན་ཉིད་ཀྱི་སྙན་ངག་འབྲི་མཚམས་མ་ཆད་པར་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད་ཅེས་གསུངས་འདུག དེ་བདེན་ནམ།

ལན། སྙན་ངག་འབྲི་མཁན་ཞིག་དང་རྩོམ་ཡིག་འབྲི་མཁན་ཞིག་ཡིན་ན། བཟའ་ཟླས་རྒྱབ་སྐྱོར་དང་རོགས་རམ་བྱེད་མི་ཐུབ་ན་ཡང་། འགོག་རྐྱེན་མི་བཟོ་བ་ཞིག་ངེས་པར་དུ་དགོས། དེ་ལྟར་མ་བྱུང་ཚེ་བཟའ་ཐོར་རྒྱག་རྒྱུ་ལས་གཞན་ཅི་ཡང་ལྷག་མེད། ངེད་ཚོས་སྤྱི་ཚོགས་སྟེང་ཕར་ལྟོས་དང་། སྙན་ངག་དང་རྩོམ་ཡིག་འབྲི་མཁན་མང་ཆེ་བ་བཟའ་ཐོར་བྱས་ཟིན་པ་དག་རེད། ང་རང་ཉིད་ལ་མཚོན་ན། རང་ཉིད་ཀྱི་གཟུགས་པོ་ལ་སྐྱོན་མ་བཟོས་ཕན་ཆད་སྙན་ངག་འབྲི་རྒྱུའི་རང་དབང་ཆ་ཚང་ཡོད། འདིའི་ཐད་ནས་ངས་མོ་རང་ལ་བརྩི་བཀུར་ཞུ་ན་འགྲིག
 

དྲི་བ། ལོ་ངོ་ཕྱི་ནང་འདིར་ཉིད་ཀྱི་སྙན་ངག་གི་ནང་དུ་ཁ་བཙོག་སྙན་ངག་ཇེ་མང་དུ་འགྲོ་གིན་ཡོད་པའི་ཚོར་བ་བྱུང་། དཔེར་ན་ཕོ་གསར་མོ་གསར་ཡིན་ན་རྩོམ་འདི་ཀློགས་དང་བདེ་ཆེན་སྒྲོལ་མར་སྤྲིངས་པའི་འཕྲིན། མཇེ་སྟུ་གཉིས་ཀྱིས་ཁ་རྩོད། སྐྲ་སེར་མ་ཞིག་གྲོགས་ལ་བཀུགས། ཇེ་ཡི་ཐོབ་ཐང་རྩོད་པ། འཁྲིག་སྤྱོད་དམར་བོ། འདོད་གཏམ་ལག་ལེན་གྱི་སློབ་ཁྲིད་སོགས་མང་བོ་འདུག དེ་ལ་རྒྱུ་མཚན་འདྲ་ཡོད་དམ།

ལན། འདས་པའི་ངེད་ཚོའི་སྙན་ངག་མང་ཆེ་བ་ལུས་སྟོད་སྙན་ངག་ལས་ལུས་སྨད་སྙན་ངག་ཤིན་ཏུ་ཉུང་། དེ་ནི་སྤྱི་ཚོགས་ཀྱི་ལྟ་སྟངས་ལས་བྱུང་བ་རེད། ལུས་སྨད་འཁྲིག་གཏམ་གྱི་སྙན་ངག་མངོན་སུམ་གྱིས་འབྲི་མཁན་ཉུང་ཡང་ལྐོག་ཧྲིལ་ནས་ཀློག་མཁན་མང་བ་དགེ་ཆོས་ཀྱི་༼འདོད་པའི་བསྟན་བཅོས་༽ གཅིག་བུ་སྟེང་ནས་ཀྱང་ངེད་ཚོས་ཤེས་ཐུབ། ཀ་ངོ་ཡིག་ངོ་ཆོད་ཙམ་གང་མང་ཞིག་གིས་དགེ་ཆོས་ཀྱི་འདོད་བསྟན་ལས་ཚིགས་བཅད་མང་པོ་བློ་ལ་འགྲོ་གི་རེད། དེ་རྒྱུ་མཚན་གྱིས་ལྐོག་ཧྲིལ་ནས་ཀློག་པ་པོ་མང་པོ་ཡོད་པ་བདེན་དབང་བྱེད་ཐུབ། ངའི་སྙན་ངག་༼སྐྲ་སེར་མ་ཞིག་གྲོགས་ལ་བཀུགས་༽ཞེས་པ་དེ་རང་དབང་དྲ་ཚིགས་སུ་བཀོད་ནས་ཅུང་མ་འགོར་བར་ཀློག་གྲངས་ཆེས་མང་པོའི་གྲལ་དུ་འཕར་བ་རེད། དེས་ཀྱང་བདེན་དབང་ཆུང་ཆུང་ཞིག་བྱས་མེད་དམ། ཡིན་ན་ཡང་། ངས་འཁྲིག་གཏམ་གྱི་སྙན་ངག་དག་ཀློག་གྲངས་ལ་བསམས་ནས་ནམ་ཡང་འབྲི་གི་མེད། རང་ཉིད་ཀྱི་སྙན་ངག་གི་བརྗོད་བྱ་ཆེ་རུ་གཏོང་བ་དང་། རང་ཉིད་སྙན་ངག་པ་ཕྱི་གསལ་ནང་གསལ་ཅན་ཞིག་བྱ་འདོད་པ་ཡིན། དེ་ལས་རྒྱུ་མཚན་གཞན་པ་ཡོད་ཀྱང་མི་ཆུང་ཆུང་གི་གཏམ་ཆེན་པོ་ཟེར་ནས་ཁ་གཉེར་རྣ་གཉེར་བྱེད་མཁན་ཡོད་པས་མ་བཤད་མ་མཛེས།
 

དྲི་བ། ཁྱེད་ཀྱིས་བཙན་བྱོལ་གྱི་རྩོམ་སྟེགས་ཁྲོད་ནས་སྙན་ངག་གི་གནས་བབ་ལ་ལྟ་སྟངས་གང་འདྲ་ཞིག་ཡོད། ལྷག་པར་དུ་བཙན་བྱོལ་གྱི་གཞོན་སྐྱེས་ཚོའི་ཚོད་ནས་རེ་བ་ཅན་གྱི་སྙན་ངག་པ་འདྲ་ཡོད་དམ། ཡོད་ན་སུ་སུ་ཡིན། རྒྱུ་མཚན་ཅི་ཡིན།

ལན། ད་སྐབས་བཙན་བྱོལ་ཁྲོད་ཀྱི་སྙན་ངག་སྤྱི་ཡོངས་ནས་བཤད་ན་རང་ཚུགས་ཟིན་བསྡད་ཡོད་པའི་སྙན་ངག་ཧ་ཅང་ཉུང་ཉུང་རེད། རྒན་རབས་སྙན་ངག་པ་གང་མང་ཞིག་ལོ་རྒས་པ་ལ་བརྟེན་ནས་སྙན་ངག་ཀྱང་རྒས་ཤིང་འཁོགས་འདུག གསར་སྐྱེས་སྙན་ངག་འབྲི་མཁན་དག་ཀྱང་རང་ཚུགས་དང་རང་ལུགས་མེད་པར་མགོ་འཁོར་གྱིན་པའི་ཚོར་སྣང་བྱུང་། ལྷག་པར་ཏུ་དྲ་རྩོམ་འབྲི་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཡང་། སྤྱི་ཚོགས་ལ་ཕན་པའི་རྩོམ་ཡིག་ཉུང་ཉུང་རེད། འདིའི་ཐད་ལ་རྒན་རབས་སྙན་ངག་པ་ཁག་ཅིག་གིས་ལམ་སྟོན་རེ་བྱེད་ཐུབ་ན་ལེགས།
 

དྲི་བ། མཇུག་མཐར། ཁྱེད་ལ་སྤྱི་ཚོགས་མེ་ལོང་ཚགས་ཤོག་གི་ཀློག་མཁན་རྣམས་ལ་བརྗོད་འདོད་པའི་སྐད་ཆ་འདྲ་ཡོད་དམ། ཡོད་ན་གསུངས་རོགས།

ལན། བོད་པ་སུ་ཞིག་ཡུལ་གང་ཞིག་ཏུ་གནས་ཀྱང་རང་ཉིད་བོད་པ་ཞིག་ཡིན་པ་ནམ་ཡང་མ་བརྗེད་རོགས་ཞེས་ཞུ་རྒྱུ་ཡིན།

ཐུགས་རྗེ་ཆེ། 

 

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ ཚེས་་༦ ཉིན་གྱི་སྤྱི་ཚོགས་མེ་ལོང་ཚགས་པར་སྟེང་བཀོད།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།