སྙན་ངག་པ། ངས་ཁྱོད་ལ་འདྲི།
09/06/2013 13:15
སྙན་ངག་པ། ངས་ཁྱོད་ལ་འདྲི།
ཁྱོད་ནི་གང་ནས་བསླེབས་ཤིང་གང་དུ་འགྲོ །
ཁྱོད་ཀྱིས་ཅི་ཞིག་འཚོལ་ཞིང་སུ་ལ་སྟེེར།།
སུ་ཡི་ཆེད་དུ་ཁྱོད་ནི་ངུ་ཞིང་དགོད།།
སུ་ཡི་ཆེད་དུ་ཁྱོད་ནི་སྨྱོས་ཤིང་བཟི།།
ཁྱོད་ཀྱིས་སྙན་པའི་གླུ་དབྱངས་སུ་ལ་གྱེར།།
ཁྱོད་ཀྱིས་སྐྱོ་བའི་མིག་ཆུ་སུ་ལ་གཏོར།།
སུ་ཡི་ཆེད་དུ་འཛུབ་མོ་གནམ་ལ་ཀེར།།
སུ་ཡི་ཆེད་དུ་རྐང་པས་ས་ལ་བརྡུངས།།
ཁྱོད་ཀྱིས་མཛེས་པའི་འཛུམ་མདངས་སུ་ལ་སྟོན།།
ཁྱོད་ཀྱིས་སྐྱོ་བའི་ཉམས་དག་སུ་ལ་འཁྲབ།།
སུ་ཡི་ཆེད་དུ་ཁྲོ་བའི་མཆེ་བ་གཙིགས།།
སུ་ཡི་ཆེད་དུ་སྤོབས་པའི་སྡེར་མོ་བགྲད།།
ཁྱོད་ཀྱིས་སྲོག་གི་དབུགས་རྒྱུན་སུ་ལ་བསྲིང་།།
ཁྱོད་ཀྱིས་སྙིང་གི་མེ་རོ་སུ་ལ་བསྒྲོན།།
སུ་ཡི་ཆེད་དུ་ཞུད་པའི་ལུས་གཟུགས་འཛིན།།
སུ་ཡི་ཆེད་དུ་མ་འཇིག་དྲང་ངེར་ལངས།།
ཁྱོད་ཀྱི་མིག་གིས་ཐག་རིང་གང་དུ་ལྟ།།
ཁྱོད་ཀྱི་རྐང་པ་བྲག་རོང་གང་དུ་སྤོ།།
སུ་ཡི་ཆེད་དུ་ཐང་གི་རྡོ་བ་ལེན།།
སུ་ཡི་ཆེད་དུ་རུམ་གྱི་བྲོ་ཁ་ལྷུང་།།
ཁྱོད་ཀྱིས་ཅིའི་ཕྱིར་རང་གི་བྲང་ཁ་བརྡུངས།།
ཁྱོད་ཀྱིས་ཅི་ལ་རང་གི་ཀླད་པ་དཀྲུགས།།
སུ་ཡི་ཆེད་དུ་རང་ལ་འགྲམ་ལྕག་སྟེར།།
སུ་ཡི་ཆེད་དུ་རང་གི་གློ་སྙིང་འབྲུད།
ཁྱོད་ཀྱིས་སྙིང་གི་འཕྲིན་དེ་སུ་ལ་བྲིས།།
ཁྱོད་ཀྱིས་བརྩེ་བའི་ལ་གཞས་སུ་ལ་ལེན།།
སུ་ཡི་ཆེད་དུ་རང་ཉིད་ཕོ་ཉ་བྱེད།།
སུ་ཡི་ཆེད་དུ་ཁྱོད་རང་གང་དུ་འཕུར།།
ཁྱོད་ཀྱིས་རྙེད་དཀའི་མི་དེ་སུ་ཞིག་ཡིན།།
ཁྱོད་ཀྱིས་འཚོལ་བའི་སྙིང་སྡུག་གང་དུ་ཡོད།།
སུ་ཡི་ཆེད་དུ་ཤི་འཐམ་རོ་འཐམ་བྱེད།།
སུ་ཡི་ཆེད་དུ་རང་ཉིད་སྡུག་ལ་སྦྱར།།
༠༢/༠༦/༡༣ ཉལ་ཁར།
Tags:
———
Back