སྙན་ངག་པར་འགྱུར་འདོད་ན།
22/07/2014 17:24སྙན་ངག་པར་འགྱུར་འདོད་ན།
འབའ་སྲས།
བརྡ་སྤྲོད་མིང་ཚིག་དག་ཡིག་བྱང་ཆུད་དགོས།།
གཞན་གྱི་སྙན་ངག་ཀློག་དང་རང་གིས་འབྲི།།
མེ་ལོང་མ་ཡི་རྩ་བར་དཔེར་བརྗོད་འཇོག །
སྤྲིན་གྱི་ཕོ་ཉ་ལྟ་བུ་བློ་འཛིན་བྱ།།
གཞན་དང་བགྲོ་བའི་ཚེ་ན་སྙན་ངག་གླེང་།།
ཚིག་སྙན་ཀློག་བདེ་སྙན་ངག་གྱེར་འདོན་བྱ།།
མ་མཐར་ཉིན་རེར་ཚིགས་བཅད་རེ་རེ་འབྲི།།
དེ་ལྟར་ཉིན་དང་ཟླ་བ་རྒྱུན་བསྲིང་དགོས།།
སྔོན་གྱི་སྙན་ངག་པ་ཡི་ལོ་རྒྱུས་ཀློགས།།
ཇི་ལྟར་སྙན་ངག་བྲིས་པའི་གོ་རིམ་ཚོལ།།
དེ་ལྟར་རང་གིས་ཇི་བཞིན་བགྱི་བ་གཙོ།།
སྦྲང་ཆར་ས་རུ་སྙིལ་བའི་སྤྲིན་ཕུང་འདྲ།།
སྙན་ངག་དུང་བ་ཆེ་བའི་གྲོགས་དང་འགྲོགས།།
སྙན་ངག་ཤེས་པ་ཟབ་པའི་དགེ་རྒན་བསྟེན།།
དགའ་མ་དག་ཀྱང་སྙན་ངག་དགའ་མཁན་ཚོལ།།
སྙན་ངག་ཡར་སྐུལ་བྱེད་པའི་རྒྱུ་གསུམ་ཡིན།།
འབྱོར་བའི་ཆེད་དུ་ཚོང་ལས་བྱེད་པ་སྤོངས།།
ཆབ་སྲིད་པ་ཡི་གྲས་སུ་འཛུལ་བ་སྤོངས།།
སྒོར་མོ་གཅིག་པུ་བསམ་པའི་གྲོགས་པོ་སྤོངས།།
སྤང་བྱ་འདི་གསུམ་སྙན་ངག་སྨྲ་བའི་དགྲ།།
གཞན་གྱིས་མ་མཐོང་བྱ་དངོས་འཚོལ་སྒྲུབ་དགོས།།
སུས་ཀྱང་མ་བཤད་སྐད་ཆ་སྨྲ་བར་འབད།།
ཅི་ཞིག་བྲིས་ཀྱང་སྔོན་དུ་བསམ་གཞིགས་གཙོ།།
སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ་རུ་འགྲོ །
འཁོར་བ་ཆུང་ཆུང་འབྱོར་བ་ཉུང་ཉུང་བྱ།།
མཐོང་ཐོས་མང་བ་ཁེར་སྡོད་ཉུང་བར་བགྱི།།
ཡུལ་ཁམས་འགྲིམས་ཤིང་རྒྱལ་ཁབ་བསྐོར་ན་བཟང་།།
སྙན་ངག་གཙང་བོ་འབབ་སའི་འབྱུང་ཁུངས་ཡིན།།
སྙན་ངག་འབྲི་བའི་ཆོད་སེམས་བརྟན་པོ་དགོས།།
སྙན་ངག་དགའ་བའི་དུང་སེམས་ལྷོད་མེད་དགོས།།
སྙན་ངག་རྒྱུན་མཐུད་ཆད་པ་མེད་པ་དགོས།།
དགོས་པ་འདི་གསུམ་སྙན་ངག་གསོན་པའི་སྙིང་།།
ཚོར་བ་བཏང་སྙོམས་དུས་སུ་ཚིག་སྦྱོར་སྤེལ།།
རིག་པ་སྐྱེན་པའི་དུས་ན་བརྗོད་བྱ་གཙོ།།
ཚིག་དོན་གཉིས་ཀ་བཏང་སྙོམས་ཁོ་ན་དང་།།
སྐྱེན་པ་རྐྱང་བས་འབྲི་ཐུབ་ཧ་ཅང་དཀའ།།
ཡིད་སེམས་དགའ་བའི་དུས་སུ་ཀློག་པ་གཙོ།།
སེམས་པ་སྡུག་པའི་དུས་ན་འབྲི་བ་གལ།།
དགའ་སྡུག་སེམས་ཀྱི་ཚོར་བ་རེ་རེ་ལ།།
ཡུལ་འཇུག་བྱེད་པའི་ནུས་པ་རེ་རེ་མཆིས།།
སེམས་པ་སྡུག་དུས་ཕྱི་ནང་ཁོར་ཡུག་སོགས།།
ཇི་ལྟར་བསྟོད་པར་བྱེད་པའི་འབྲི་ཐབས་ནི།།
མེ་ལོང་མ་ཡི་གཞུང་དུ་བསྟན་པ་ཡི།།
སྐབས་མིན་བསྟོད་པའི་རྒྱན་གྱིས་སྤྲས་ན་མཛེས།།
སྐྱོ་བའི་དུས་ན་མིག་ཆུ་ཤོར་བ་ལས།།
དགའ་བའི་འཛུམ་མདངས་སྟོན་པ་མེད་ན་ཡང་།།
སྙན་ངག་པ་ཡིས་རྒྱུ་འབྲས་ལྡོག་བྱེད་པའི།།
རིགས་མིན་རྒྱུ་སོགས་སྙན་ངག་གཞུང་ལས་བཤད།།
རྡོ་ལ་མིའི་སེམས་བཀོད་པའི་སྒྲོ་འདོགས་དང་།།
མི་ལ་ཚེ་སྲོག་པའི་མེད་པའི་སྐུར་འདེབས་སོགས།།
དངོས་པོའི་ཆོས་ཉིད་གཞན་དུ་བརྗོད་ཤེས་ན།།
ད་གཟོད་སྙན་ངག་པ་ཡི་ཆོ་ལོ་འཐོབ།།
༠༦/༠༡/༡༤
———
Back