སྙན་ངག་པས་འདི་དག་འབྲི་དགོས།
22/07/2014 14:55སྙན་ངག་པས་འདི་དག་འབྲི་དགོས།
འབའ་སྲས།
རྟ་མཆོག་ཁྲོས་པའི་རྨིག་རྗེས་གངས་རི་ནས་བརྒལ་ཏེ།།
མཐའ་བཞིའི་ས་ཡི་དཀྱིལ་འཁོར་རྐང་སྟེགས་སུ་བླངས་ཤིང་།།
འཛམ་གླིང་ཁྱིམ་ལ་དབང་བསྒྱུར་གདོང་དམར་བའི་མི་རིགས།།
ཁ་སང་གང་ནས་ཡོང་བའི་འགོ་ཁུངས་དེ་འབྲི་དགོས།།
བཙན་པོའི་སྙིང་སྟོབས་གསེར་གྱི་ཀ་བ་ལ་བརྟེན་ཏེ།།
ཁྱིམ་གཞི་དྲོད་མོ་ཞིག་གི་གོ་ཁ་ནས་དྲོ་ཡང་།།
བཙན་པོ་རྒས་པའི་རྐང་རྗེས་རྨུ་ཐག་ལ་དཀྲིས་རྗེས།།
དེ་རིང་གང་ན་ལྷག་པའི་ངོ་གདོང་དེ་འབྲི་དགོས།།
ཁ་སང་དཔའ་བོ་རི་ཡི་རྩེ་མོ་ནས་མཆོངས་ཤིང་།།
དེ་རིང་རྒྱ་མཚོ་ཆེན་མོའི་བྱེ་ཐང་ནས་བསྐྱོད་པའི།།
བཙན་པོའིབུ་རྒྱུད་ཚང་གི་བླ་སྲོག་གི་གོམ་པ།།
སང་ཉིན་གང་དུ་སྤོ་བའི་ལམ་ཁ་དེ་འབྲི་དགོས།།
རྟུལ་ཕོད་སྙིང་གི་རི་མོ་དཔའ་དར་ལ་བྲིས་ཏེ།།
འཇིགས་མེད་རྣོ་བའི་གོ་ཆ་མཐའ་བཞི་རུ་གདེངས་ནས།།
ས་གཞི་རྐང་པས་བརྫིས་པའི་གདོང་དམར་བའི་བཙན་པོས།།
འཇིག་རྟེན་དབང་དུ་བཟུང་བའི་ལོ་རྒྱུས་དེ་འབྲི་དགོས།།
ཡར་ཀླུང་ཡུལ་གྱི་བསྐལ་བའི་རྐང་ལམ་ནས་ཆས་ཏེ།།
དམར་པོ་རི་ཡི་དབུ་རྩེར་ཞབས་སེན་གྱི་འཁོར་ལོ།།
དགེ་ལེགས་ཆུ་ཡིས་བསྐོར་བའི་པུར་རྒྱལ་གྱི་བཙན་པོའི།།
མཛད་རྗེས་མཚོ་མོ་འཕྱུར་བའི་རླབས་སྒྲ་དེ་འབྲི་དགོས།།
རྨོངས་པའི་མིག་ཁ་འབྱེད་པའི་ཤེས་རིག་གི་ཉི་མ།།
སྲོག་ལ་བསྡོས་པའི་དཀའ་སྤྱད་ཤིང་རྟ་རུ་བཞག་སྟེ།།
གངས་ལྗོངས་ཡུལ་ལ་ཞོགས་པའི་སྐྱ་རེངས་ཀྱིས་དྲངས་པས།།
ས་གཞིའི་མུན་པ་སེལ་བའི་འོད་སྣང་དེ་འབྲི་དགོས།།
དམར་པོ་རི་ལ་བཞེངས་པའི་བླ་སྲོག་གི་ཕོ་བྲང་།།
གདོང་ལྔ་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་ཀ་བ།།
ད་ལྟ་རྒུད་པར་གྱུར་བའི་སྣང་བརྙན་ལ་བལྟས་ཏེ།།
མཛེས་རིས་ཇི་ལྟར་ཕབ་པའི་སྐྱ་ཐིག་དེ་འབྲི་དགོས།།
ཡངས་པའི་ནམ་མཁའ་ཆེན་པོ་རྐང་པ་ཡིས་བགྲོད་ལ།།
ས་དང་སྤྲིན་པའི་བར་ན་སྐེས་འཛེག་ཅིག་མེད་པས།།
ས་ལ་མ་བབས་སྤྲིན་པའི་ཆར་ཆུ་དེ་བཏུང་ཕྱིར།།
བྱ་རྒོད་ཤུགས་ཀྱིས་འཕུར་བའི་གཤོག་རྩལ་དེ་འབྲི་དགོས།།
ཅེ་སྤྱང་ལྟོགས་པའི་ངུ་སྐད་སྦྲ་འདབ་ཏུ་བསྒྲོགས་ཤིང་།།
ཝ་མོ་སྐོམ་པའི་སུག་རྗེས་སྒོ་དྲུང་ལ་ཕབ་ན།།
འབྲོང་རྒོད་རྫ་ནས་འགྱིང་བའི་རྭ་རྩེ་ལ་འགྲན་པའི།།
གཡག་རོག་སྤང་ནས་ཁྲོས་པའི་ཧུར་སྒྲ་དེ་འབྲི་དགོས།།
གྲང་ངར་རླུང་གིས་སྒུལ་བས་ཙན་དན་གྱི་ལོ་མ།།
ས་ལ་ཟགས་ཤིང་སྐམ་པའི་ངོ་གདོང་དེ་མཐོང་ནས།།
དགུན་གྱི་ཁ་བ་དང་འགྲོགས་བུ་ཡུག་ལ་རྒོལ་ཕྱིར།།
དཔག་བསམ་ལྗོན་པ་འབར་བའི་མེ་ལྕེ་དེ་འབྲི་དགོས།།
མདོར་ན་ཁ་སང་གང་ནས་ཡོང་བའི་ཁུངས་དེ་ཕྲིས།།
དེ་རིང་གང་དུ་ལྷག་ཅིང་སྡོད་པའི་ས་དེ་ཕྲིས།།
སང་ཉིན་གང་ལ་ངེས་པར་འགྲོ་དགོས་ལམ་དེ་ཕྲིས།།
མ་གཞི་རང་ཉིད་སུ་ཞིག་ཡིན་པའི་གདོང་དེ་ཕྲིས།།
———
Back