སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་།

13/01/2013 19:43

སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་།


༼ སྙན་ངག་སློབ་པའི་ལེའུ།༽

བཙིར་ནས་མིག་ཆུ་བཏོན་པ་ཡིས།།
སེམས་ཀྱི་སྐྱོ་བ་མཚོན་མིན་ལ།།
བཙིར་བའི་གདོང་གི་འཛུམ་རིས་ཀྱིས།།
བློ་ལྡན་སུ་ཞིག་འགུག་པར་ནུས།།

དེ་བཞིན་སྙན་ངག་མི་ཤེས་པས།།
ནན་གྱིས་བཙིར་ནས་བསྒྲིགས་པ་ཡི།།
ཚིག་གི་ཕྲེང་བར་མཁས་རྣམས་ཀྱིས།།
རྡོ་ཆག་བཙན་བསྒྲིགས་མིང་དུ་བསྙད།།

མང་དུ་ཐོས་པ་མ་བྱས་ཤིང་།།
ལེགས་པར་སྦྱོར་ལ་མ་བརྩོན་པར།།
རང་བཞིན་གྱིས་གྲུབ་ཁོ་ན་ཡིས།།
ས་སྟེང་གྲགས་པའི་སྙན་ངག་མེད།།

དེའི་ཕྱིར་མཁས་པའི་ངག་ལ་བསྟེན།།
ཕྱི་ནང་སྙན་ངག་གཞུང་ལ་སྦྱངས།།
ཕུལ་བྱུང་སྙན་ངག་གྱེར་ལ་བརྩོན།།
རང་གིས་འབྲི་བའི་ཐབས་ལ་འབད།།

ཚུལ་བཞིན་ལུང་ལ་མ་བསྟེན་ཅིང་།།
བཙུན་པའི་གཞུང་ལ་མ་སྦྱངས་པར།།
ང་རང་གྲུང་ཞེས་ཁེངས་པ་ཡིས།།
སྙན་ངག་རྒྱལ་བོ་གྱུར་བ་མེད།།

སྔོན་གྱི་མཁས་མཆོག་རྣམས་ཀྱིས་ཀྱང་།།
ཐོས་དང་འབད་པ་གཙོ་བོར་བྱེད།།
དེ་མིན་ལྷན་སྐྱེས་ཁེངས་པ་ཡིས།།
ཁྱིའི་རྔར་བཏགས་པའི་སྙན་ངག་བྱུང་།།

ཁེངས་པས་རི་བོ་གཡོལ་བྱེད་ཀྱང་།།
སྤྲིན་པས་ནམ་མཁའ་བསྒྲིབས་དང་མཚུངས།།
གསེར་རྡུལ་ཆུང་ལ་རེག་པ་ཡིས།།
ཆེན་པོ་འོད་ཀྱི་སྣང་བ་འཐོབ།།

རང་བཞིན་གྱིས་གྲུབ་སྤོབས་པ་ཆེ།།
ཕུན་སུམ་ཚོགས་པའི་རྒྱུ་བྱེད་ཀྱང་།།
ཀ་བ་རིང་བོར་བསླངས་པ་ཡིས།།
གཞལ་ཡས་ཁང་བཟང་ནམ་ཞིག་འགྲུབ།།

ཁ་ཅིག་རྣམ་པར་ཁེངས་པ་ཡིས།།
རང་གིས་བྲིས་པའི་ཁྭ་ཏའི་སྐད།།
ཚངས་པའི་དབྱངས་ལ་ཅོ་འདྲི་ཞེས།།
རྣམ་པར་རྒྱལ་བའི་རྒྱལ་མཚན་འཕྱར།།

ཡོན་ཏན་འདྲ་ཡང་རྣམ་རྟོག་དང་།།
ཚོར་བའི་ཤུགས་ཀྱིས་སྙན་ངག་ལ།།
ཟབ་དང་རྒྱས་པའི་ཁྱད་པར་ལུགས།།
ཡོད་ཀྱང་ཉམས་འགྱུར་གཏོང་མི་བྱེད།།

ཟབ་རྒྱས་གོ་སླ་རྟོགས་དཀའ་སོགས།།
སྙན་ངག་པ་ལ་ཅི་ཡང་རིགས།།
འོན་ཀྱང་རྒྱན་མེད་ཚིག་དག་ལ།།
སུས་ཀྱང་སྙན་ངག་འབོད་མི་བྱ།།

རྟོགས་དཀའི་སྙན་ངག་ཡིན་ནོ་ཞེས།།
གོ་དཀའ་བརྡ་རྙིང་སྤུངས་བྱས་ཏེ།།
རྒྱན་མེད་ཚིག་གྱོང་གཅེར་བུ་ལ།།
སྙན་ངག་འབོད་པ་རང་གིས་བཏགས།།

བརྗོད་བྱ་ཟབ་པས་རྟོགས་དཀའ་ཡང་།།
རྗོད་བྱེད་ཚིག་ལ་ཉམས་འགྱུར་དགོས།།
རྗོད་བྱེད་ཚིག་གི་ནུས་པ་ཡིས།།
རྟོགས་དཀའི་དོན་རྣམས་སླ་བར་འགྱུར།།

གང་ཞིག་སུས་ཀྱང་གོ་སླ་བ།།
སྙན་ངག་མིན་ཞེས་དམའ་མི་བྱ།།
གླུ་དང་ལ་གཞས་ཁ་མཚར་སོགས།།
སུས་ཀྱང་མ་གོ་འགྲེལ་བ་མེད།།

འོན་ཀྱང་གོ་བར་སླ་བ་ཡང་།།
ཡོད་དོ་ཅོག་ནི་སྙན་ངག་མིན།།
ཚིག་གི་སྒྱུ་རྩལ་མི་ལྡན་པའི།།
གང་བྱུང་གཏམ་ཡང་སྙན་ངག་འགྱུར།།

སྙན་ངག་ཟེར་ན་བཅད་པ་མིན།།
ལྷུག་པ་དང་ནི་སྤེལ་མ་མིན།།
ཚིག་གཅིག་ལ་ཡང་ཉམས་ལྡན་ན།།
དེ་ནི་སྙན་ངག་མཆོག་ལ་ལྟ།།

དཔེ་གཟུགས་བཀོད་པ་བརྒྱ་བྱས་ཀྱང་།།
རྒྱན་མེད་པས་ན་གཅེར་བུ་སྟེ།།
གདོང་ལ་རི་མོ་བརྒྱ་བྲིས་ཀྱང་།།
རྒྱན་གོས་དོར་ན་ཤ་གཟུགས་ཙམ།།

དེང་རབས་བཅད་གསར་སྙན་ངག་ལ།།
དཔེ་གཟུགས་བཀོད་པ་ཉུང་ན་ཡང་།།
ཚིག་གི་ཉམས་ལ་མ་རྨོངས་པས།།
ཀུན་ཀྱང་དགའ་བའི་དང་བ་འདྲེན།།

སྙན་ངག་ཅེས་པ་དོན་རྐྱང་མིན།།
ཚིག་གི་སྦྱོར་བ་ཙམ་ཡང་མིན།།
ཚིག་དོན་གཉིས་ལ་ཉམས་ལྡན་ན།།
སྙན་ངག་མཆོག་ཅེས་ཀུན་གྱིས་བསྟོད།།

དེས་ན་ལྷན་སྐྱེས་རིག་བཟང་བ།།
ཁེངས་པ་མི་བྱ་ཚིག་དོན་གྱི།།
ཉམས་འགྱུར་བསླབ་བྱའི་གཞུང་ལུགས་ལ།།
ཅིས་ཀྱང་འབད་པའི་བརྩོན་པ་སྐྱེད། 

སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་ལས་སྙན་ངག་སློབ་པའི་ལེའུ་བསྟན་པ་སྟེ་དང་པོའོ།།

༼ལྷོད་ཀྱིས་བཞུར་བའི་སྙན་ངག་བསྟན་པའི་ལེའུ།༽

རྗོད་བྱེད་ཚིག་ལ་ཉམས་ལྡན་རྗེས་ཁྲིད་ཉུང་།།
གང་ཞིག་བརྗོད་པའི་དོན་ལ་མཚོན་བྱ་མང་།།
ཚིག་དོན་མི་འགལ་འབྲེལ་ཆགས་གཅིག་ཏུ་བསྒྲུབས།།
དཔྱད་ན་གོ་སླ་སྙན་ངག་ལྷོད་ཀྱིས་བཞུར།།

དབྱངས་ཀྱི་འདེག་འཇོག་དོན་དང་མཚམས་པོར་སྦྱར།།
ཁྲོ་དང་ཞི་བའི་སྒྲ་ཡང་དོན་ལ་ལྟ།།
དྲག་རྩུབ་ཉམས་ཀྱང་གཙོ་བོ་དོན་དང་བསྟུན།།
དོན་མཐུན་ཚིག་སྤྲས་སྙན་ངག་ལྷོད་ཀྱིས་བཞུར།།

སྤྲོ་ཞིང་དགའ་བའི་བརྗོད་དོན་གང་ཞིག་ལ།།
མི་སྡུག་ཉམས་དང་དྲག་ཤུལ་དཔའ་བ་ཡི།།
ཚིག་གིས་སྤྲས་མིན་རྨད་བྱུང་སྒེག་པ་ཡི།།
རྒྱན་གྱིས་བརྒྱན་པ་སྙན་ངག་ལྷོད་ཀྱིས་བཞུར།།

དེ་བཞིན་མྱ་ངན་ལ་ནི་སྙིང་རྗེ་དང་།།
འཇིགས་རུང་དྲག་ཤུལ་བརྗོད་དོན་རྩུབ་པ་ལ།།
དྲག་པའི་ཚིག་དང་དཔའ་བའི་ཉམས་ཀྱིས་སྤྲས།།
གང་ལ་དེ་མཐུན་སྙན་ངག་ལྷོད་ཀྱིས་བཞུར།།

མི་སྣ་མང་ཚོགས་བརྗོད་བྱ་བརྩེ་དུང་ལ།།
མངོན་བརྗོད་བརྡ་རྙིང་ཚིག་གིས་མ་བཅིངས་པར།།
ཁ་གསལ་ཚིག་འཇམ་ཉམས་ཀྱིས་སྤེལ་བས་ན།།
སུས་ཀྱང་གོ་ལྷ་སྙན་ངག་ལྷོད་ཀྱིས་བཞུར།།

འོན་ཀྱང་མཁས་པར་སྤྲིངས་པའི་འཕྲིན་ཡིག་དང་།།
དཔྱད་གཏམ་བཅད་ལྷུག་སྤེལ་བའི་སྙན་ངག་ལ།།
ཚད་མཐོའི་ཚིག་དང་ཉམས་ཀྱིས་ཆེ་ཆེར་སྤེལ།།
ཡུལ་ལ་བལྟས་ཏེ་སྙན་ངག་ལྷོད་ཀྱིས་བཞུར།།

བརྗོད་བྱར་བལྟས་ཏེ་དཀའ་སླའི་ཚིག་དག་སྦྱོར།།
ཚིག་ལ་བལྟས་ཏེ་ཅི་འོས་ཡི་གེ་འབྲི།།
ཆུ་དང་འོ་མ་ལྟ་བུའི་ཚིག་དོན་གཉིས།།
འབྲེལ་ཆགས་གནས་པ་སྙན་ངག་ལྷོད་ཀྱིས་བཞུར།།

ལྕེ་གནས་གོ་རིམ་གློ་བུར་མི་འཁྱོལ་ཞིང་།།
བརྗོད་བྱ་འབྲེལ་མེད་བཙན་གྱིས་མི་བསྡུས་པ།།
སྒྲ་དོན་གོ་རིམ་ཉམས་ཀྱིས་ཕྲེང་དུ་བསྒྲིགས།།
ཀློག་བདེ་ཡིད་འགུག་སྙན་ངག་ལྷོད་ཀྱིས་བཞུར།།

རྩུབ་པ་ཉིད་དུ་བསྐོར་བའི་སྒྲ་སྤངས་ཤིང་།།
ལྕི་བ་ཡང་ཡང་རྗེས་སུ་ཁྲིད་མིན་པ།།
འཇམ་དང་ཡང་བ་དག་ཀྱང་དེ་བཞིན་དུ།།
གཅིག་ཏུ་སྤུངས་མིན་སྙན་ངག་ལྷོད་ཀྱིས་བཞུར།།

འདྲ་མཚུངས་ཚིག་ཚོགས་མང་བོས་བརྗོན་དོན་གཅིག།།
བསྐྱར་བཤད་ར་བཟི་ཁ་ཡི་གཏམ་སྤངས་ཏེ།།
ཚིག་གཅིག་ནུས་པས་དོན་མང་གསལ་བྱེད་པ།།
བརྗོད་དོན་གསལ་བའི་སྙན་ངག་ལྷོད་ཀྱིས་བཞུར།།

རང་གི་མིག་གིས་རང་གི་སྐེད་པ་དག །
མ་མཐོང་མེ་ལོང་ངོས་སུ་ལྟ་བ་བཞིན།།
ཐད་ཀར་བསྟན་མིན་ཟུར་དང་ཕྲ་མོ་ཡིས།།
ཟབ་དོན་གསལ་བྱེད་སྙན་ངག་ལྷོད་ཀྱིས་བཞུར།།

རྒད་པོ་འཁར་རྒྱུག་ཅན་གྱི་གོམ་འགྲོས་ལྟར།།
ཚིག་གྱོང་གོམ་པ་འཁྱོར་བར་མི་བྱ་བར།།
སྒེག་ལྡན་མཛེས་མ་གཡོན་འགྲོ་བྱེད་པ་བཞིན།།
ཚིག་འགྲོས་ལྡན་པ་སྙན་ངག་ལྷོད་ཀྱིས་བཞུར།།

ངག་ལ་སྐྱོན་ཅན་དག་གིས་ལན་བརྒྱ་རུ།།
བཤད་ཀྱང་ལག་བརྡ་མ་བྱས་མི་ཤེས་པ།།
དེ་ལྟར་མ་ཡིན་ཚིག་གིས་བསྟན་དོན་གང་།།
གསལ་ཞིང་གསལ་བ་སྙན་ངག་ལྷོད་ཀྱིས་བཞུར།།

གོས་མེད་གཅེར་བུས་གཟུགས་བྱད་བསྟན་པ་ན།།
མི་ཡི་རོ་དང་ལོགས་སུ་མེད་པ་སྟེ།།
མིའི་གཟུགས་འདྲེ་དང་རྒྱན་གོས་ལྷ་ཡིན་ལྟར།།
དོན་ལ་རྒྱན་སྤྲས་སྙན་ངག་ལྷོད་ཀྱིས་བཞུར།།

མདོར་ན་དོན་ལ་ཅི་འོས་མིང་རྣམས་སྤྱོད།།
ཚིག་དང་ཡི་གེ་ལྕི་ཡང་མཉམ་པར་སྦྱོར།།
གཅོད་མཚམས་གནས་གཅིག་ལ་ནི་ངེས་པར་བྱེད།།
ཚིག་དོན་ཉམས་ལྡན་སྙན་ངག་ལྷོད་ཀྱིས་བཞུར།།

སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་ལས་ལྷོད་ཀྱིས་བཞུར་བའི་སྙན་ངག་བསྟན་པའི་ལེའུ་སྟེ་གཉིས་པའོ།།
   
༼ཅི་ཕྱིར་སྙན་ངག་འབྲི་བའི་ལེའུ།༽

སྨྱུ་གུ་རང་སྲུང་མཚོན་ཆ་དང་།།
སྙན་ངག་རང་གི་རླུང་རྟ་རུ།།
བསམས་ཏེ་སྙན་ངག་འབྲི་བ་ཡི།།
ལུགས་དེ་ནམ་ཡང་འཛིན་མི་བྱ།།

མིག་གིས་སྤྱི་ཚིགས་ཧྲིལ་བོར་ལྟ།།
ཡིད་ཀྱིས་བླང་དོར་ལེགས་ཉེས་འབྱེད།།
ལྷག་བསམ་སྤྱི་ཡི་དོན་ལ་བཅང་།།
དེ་ནི་སྙན་ངག་དགོས་པ་ཡིན།།

སྙན་ངག་རང་གི་རྒྱན་ཆ་རུ།།
མི་བྱ་སྤྱི་ཚོགས་དམིགས་བུ་དང་།།
ལམ་སྟོན་གསལ་བའི་སྒྲོན་མེ་རུ།།
འབྲི་བར་བྱ་བ་ཅིས་ཀྱང་དགོས།།

སྙན་ངག་མཚོ་ཁའི་མེ་ཏོག་བཞིན།།
བཞད་པ་ཙམ་གྱིས་མི་ཆོག་པར།།
མཚོ་གཏིང་གནས་པའི་ནོར་བུ་ལྟར།།
རིན་ཐང་ལྡན་པ་ངེས་པར་དགོས།།

སྙན་ངག་བསྟོད་སྨད་བྱ་བྱེད་དང་།།
མཛེས་མ་བསྔགས་བྱེད་ཙམ་ཞིག་མིན།།
སྤྱི་ཚོགས་ཁ་ལོ་བསྒྱུར་བྱེད་ཀྱི།།
རླུང་གི་འཕྲུལ་འཁོར་ལྟ་བུ་ཡིན།།

ཚོར་བས་བྲིས་པའི་སྙན་ངག་ལ།།
ལམ་སྟོན་ནུས་པ་མི་ལྡན་པས།།
དཔྱོད་ཤེས་རིག་པས་སྦྱར་བ་ཡི།།
སྙན་ངག་རིག་པའི་རྒྱལ་བོ་ཡིན།།

ཡོད་ཀྱང་མ་མཐོང་ཆོས་དངོས་ཀུན།།
རིག་ཀྱང་མི་ཤེས་ཇི་སྙིད་པ།།
སྙན་ངག་ལམ་ནས་གསལ་བར་བྱེད།།
སྙན་ངག་མུན་སེལ་སྒྲོན་མེ་ཡིན།།

སྨྱུ་གུ་ལག་ལ་ཐོགས་ཙམ་གྱིས།།
ཅི་ཞིག་འབྲི་བ་མི་བརྙེད་ཅིང་།།
སྤྱི་ཚོགས་མིག་གིས་མ་བལྟས་པར།།
བྲིས་པའི་སྙན་ངག་ཞ་ར་ཡིན།།

དུས་རྒྱུན་སྤྱི་ཚོགས་ངོས་ལ་ལྟ།།
འབྲི་འོས་གནད་དོན་འཚོལ་ཞིབ་དགོས།།
གང་བསམ་དེ་ལྟར་སྦྱར་བ་ཡི།།
སྙན་ངག་སྲོག་མེད་བམ་པོ་ཡིན།།

མདོར་ན་སློབ་གསོ་བཅུད་དུ་འཛིན།།
མ་ནོར་ལམ་སྟོན་དམིགས་བུ་བྱེད།།
ཚིག་དོན་གཉིས་ཀྱི་དོན་མི་སྟོང་།།
སྙན་ངག་སྦྱར་བའི་དགོས་པ་འོ།།

སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་ལས་ཅིའི་ཕྱིར་སྙན་ངག་འབྲི་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།།
 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།