སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
22/07/2014 14:57སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
འབའ་སྲས།
འགྲོ་བའི་སྡུག་བསྔལ་ཆུ་ཡིས་མི་དག་ཅིང་།།
སེམས་ཀྱི་འབྱོར་བ་དངོས་པོས་མི་སྟེར་ལ།།
སྟོན་པ་ཐུགས་རྗེ་ཅན་ཁྱོད་གུས་པ་ཡིས།།
སྡུག་བསྔལ་སེལ་ཞིང་སེམས་ཀྱི་འབྱོར་བ་རྒྱས།།
ཨེ་མ་ཁྱོད་ནི་ཞི་བདེ་ལྷ་ཡི་གཙོ།།
ཀྱེ་མ་ཁྱོད་ནི་འགྲོ་ཡི་མགོན་པོ་མཆོག །
གནའ་ནས་དེ་རིང་ཁྱོད་ལ་དད་པ་རྣམས།།
ཞི་བདེས་འཚོ་ཞིང་སེམས་ལ་མྱ་ངན་མེད།།
སྟོན་པ་འགའ་ནི་རལ་གྲི་འཛིན་པ་ཅན།།
སྟོན་པ་འགའ་ཡང་ལོག་ལམ་སྟོན་པ་པོ།།
རལ་གྲི་མི་འཕྱར་ལོག་ལམ་མི་སྟོན་པ།།
བདག་གི་སྟོན་པ་སྟོན་པ་ཀུན་ལས་མཆོག །
ཁྱོད་ནི་ས་གཞི་ཡིན་ལ་ནམ་མཁའ་ཡིན།།
ཁྱོད་ནི་རི་བོ་ཡིན་ལ་རྒྱ་མཚོ་ཡིན།།
ཁྱོད་ནི་འོད་ཟེར་ཡིན་ལ་སྒྲོན་མེ་ཡིན།།
ཁྱོད་ནི་མེད་ཚེ་འཇིག་རྟེན་སྔོན་ནས་འཇིག །
དེ་རིང་ཉིན་མོ་བཞི་བའི་བཅོ་ལྔ་སྟེ།།
ཁྱོད་ནི་བྱོན་དང་སངས་པ་འདས་པའི་ཉིན།།
ཁྱོད་ཀྱི་ཞབས་རིས་ཇི་ལྟར་ཕབ་བ་རྣམས།།
ཐམས་ཅད་རྐང་རྗེས་དེ་ལས་མི་འདའ་ཤོག །
བོད་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་དད་པ་ཡ་མཚན་ཞིག་སྐྱེས་པས་སྦྱར།
———
Back