སྡོང་བོ།

22/07/2014 17:27

                  སྡོང་བོ།


འབའ་སྲས།


རང་བྱུང་ཁམས་ན་མཛེས་པའི་མེ་ཏོག་དང་།།


ས་རྡོ་རི་བྲག་ཆུ་ཆེན་མཚེའུ་སོགས།།


ཉམས་དགའི་སྣང་བ་སྟེར་བྱེད་མང་གྱུར་ཀྱང་།།


བདག་གིས་སྡོང་བོ་ཁྱོད་ནི་མཆོག་ཏུ་ལྟ།།



ཁྱོད་ཀྱི་རྩ་བ་བསྒུལ་བར་མ་གྱུར་ན།།


ལོ་མ་རླུང་གིས་ཟགས་ཤིང་ཁུར་ན་ཡང་།།


དཔྱིད་ཀྱི་དུས་སུ་སླར་ཡང་འཛུམ་བྱེད་པས།།


བདག་གི་སེམས་སུ་མྱ་ངན་ཡོད་མི་འགྱུར།།



འོན་ཀྱང་ལོ་རིང་རྒྱས་ཤིང་སྦོམ་གྱུར་པའི།།


རྩ་བ་རུལ་ཞིང་གཞན་གྱིས་འགྱེལ་བྱེད་ན།།


ཁྱོད་ནི་མཆོག་ཏུ་འཛིན་པའི་བྱི་འུ་ངས།།


ད་ནི་གང་ཞིག་འབབ་སའི་སྟེགས་སུ་ལེན།།



ཁྱོད་ནི་ཡོད་པས་ཁ་དབུགས་གཙང་ཞིང་


འཇམ།།


ཁྱོད་ནི་ཡོད་པས་ཆུ་བོ་དྭངས་ཤིང་ཞིམ།།


ཁྱོད་ནི་ཡོད་པས་ས་གཞི་མཛེས་པར་གྱུར།།


ཁྱོད་ནི་བདག་གི་སྐྱེད་མོས་ཚལ་ཁོ་ན།།


༡༠/༡༢/༡༣ 


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།