སྤྱི་ནོར་༧གོང་ས་བཅུ་བཞི་བ་ཆེན་མོའི་མཛད་རྣམ་བསྡུས་དོན་ས་ལེ་སྦྲམ་གྱི་སྙིང་བོ་ཞེས་བྱ་བ།

24/08/2011 19:45

 
ཨོཾ་སྭསྟི།
རྨད་བྱུང་ཚུལ་ཁྲིམས་ཕུང་བོས་རབ་མཛེས་སྐུ་ཡི་ལྷུན་པོ་རྡུལ་དང་བྲལ།།
ལེགས་བཤད་བདུད་རྩི་ཀུན་ལ་གདམས་པའི་གསུང་གི་ཡོན་ཏན་ཟད་དུ་མེད།།
མཁྱེན་རྟོགས་ཚད་མེད་གཏེར་གྱིས་ཕྱུག་པའི་ཐུགས་ཀྱི་ནམ་མཁའ་གཞལ་དུ་རིང་།།
ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་བོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་རྒྱལ།།

གང་དེ་རྟ་བདུན་ཤིང་རྟར་བཞུགས་ཏེ་ནུབ་ཀྱི་འགྲོ་བའི་དོན་དུ་གཤེགས།།
གངས་ལྗོངས་ཆོས་སྲིད་དབྱིག་འཛིན་གདོང་ལ་མུན་པའི་གྲིབ་མ་རྗེས་སུ་བཞག །
ཀུན་ཀྱང་མྱ་ངན་འོ་དོད་འབོད་དུས་གདུང་བའི་མུན་པ་ཟློག་བྱེད་དུ།།
འཁྲུལ་མེད་ཡང་སྲིད་སྐུ་ཡི་ཉི་གཞོན་སྟག་འཚེར་ནམ་མཁའི་དབྱིངས་སུ་ཤར།།

དེ་དུས་སུས་ཀྱང་ཤེས་པར་དཀའ་བའི་ཡང་སྲིད་གསེར་གྱི་ཉི་མ་ཆུང་།།
གང་དུ་འཛུམ་པའི་མངོན་རྟགས་གསལ་ཕྱིར་མཚོ་དང་བཅས་པ་གྲོགས་སུ་བླངས།།
དྭངས་ཤིང་གཙང་བའི་ལྷ་མོ་བླ་མཚོ་ཡིད་ཆེས་དད་པའི་མིག་གིས་དཀྲུགས།།
རང་བྱུང་འཁྱིལ་བའི་མཚོ་མོའི་ཀློང་དུ་ཨ་ཀ་མ་ཡི་མེ་ཏོག་བཞད།།

ཨེ་མ་ཡང་སྲིད་ཉི་མ་གཞོན་ནུ་དབང་ཕྱོགས་ཨ་མདོའི་སྐུ་འབུམ་དང་།།
མི་རིང་སྟག་འཚེར་ལྷ་ཡི་ལམ་དུ་དགེ་ལེགས་འོད་ཀྱིས་འཛུམ་པ་ཤེས།།
ལྷ་སའི་གྲོང་ན་མེ་ཁྱེར་བཞིན་དུ་གནས་པའི་སྐུ་དྲག་གཙུག་ཕུད་ཅན།།
ཁྱུང་སྔོན་སྐྱེས་ཀྱི་རྟ་ཕོར་བཅིབས་ཏེ་ཡང་སྲིད་ཉི་མ་བསུ་ཕྱིར་རྒྱུགས།།

གང་སྐུ་བཞད་པའི་ལྷ་ཡི་སྐྱེད་ཚལ་མངོན་དགའ་ཆེན་མོའི་སྒོ་དྲུང་དུ།།
གནས་རྒྱུ་བ་ཡི་ཚུལ་དུ་བཅོས་པའི་སྐབས་གསུམ་ཡུལ་གྱི་སློང་མོ་བ།།
གང་སྐུ་གཞོན་ནུ་ཡང་སྲིད་འཁྲུལ་མེད་ཡ་མཚན་རྟགས་ཀྱི་གཏེར་མཛོད་ལས།།
དགོས་འདོད་རིན་ཆེན་གསེར་གྱི་རྒྱགས་ཕྱེ་ལག་དུ་ཐོབ་པས་ཚིམས་པར་གྱུར།།

གང་སྐུ་ལྟེམས་ཡུལ་ཁྱིམ་ཆུང་དེ་རུ་སྐྱེས་ཆེན་གང་གི་ཡང་སྲིད་ལས།།
ཅི་ཡང་མ་གསུངས་ཡབ་ཡུམ་དང་བཅས་འདྲེན་པའི་ཆིབས་ཁ་དབུས་སུ་བསྒྱུར།།
འབུམ་ཆེན་གྲོང་སྡེ་ཉེ་བའི་འཁྲིས་སུ་དགའ་བཞི་ན་ཁར་ཞེས་པའི་གྲོང་།།
རྒྱལ་དབང་ཡང་སྲིད་གཞུང་འབྲེལ་བཀའ་ཡིག་ད་བཟོད་སྙན་གྱི་པད་མོར་བྲིས།།

སྐྱེས་ཕྲེང་སྔོན་མའི་འཕྲིན་ལས་འོད་སྣང་ཇི་བཞིན་འཛིན་པའི་ཉི་མ་ཆེ།།
ཤར་ཕྱོགས་སྤྲིན་གྱི་གསེབ་ནས་འཕགས་པས་མུན་པའི་ཁམས་ཆེན་གསལ་དང་ལྷན།།
གངས་ལྗོངས་བདེ་སྐྱིད་པད་མ་རྒྱས་ཕྱིར་འདྲེན་པའི་ཤིང་རྟ་ལ་བཞུགས་ནས།།
ཆེམ་ཆེམ་འོད་སྟོང་འབར་བའི་གཟི་བྱིན་ལྷ་སའི་ནམ་མཁའི་དབྱིངས་སུ་སྤྲོས།།

ཨེ་མ་དེ་རུ་སྐབས་གསུམ་དབང་བོའི་ཕོ་བྲང་ལ་འགྲན་པོ་ཏ་ལ།།
ཆོས་སྲིད་གཉིས་ཀྱི་སྲོག་ཏུ་བརྟན་པའི་གཡོ་བ་མེད་པའི་ཁྲི་ཐོག་ཏུ།།
ཁྱེད་སྐུ་ཉི་མ་འབར་བའི་དགེ་ལེགས་འོད་ཀྱི་ཆ་ཤས་རེ་རེ་ཡང་།།
ཁ་བ་རི་བོའི་བདེ་སྐྱིད་པད་མོ་རྒྱས་པའི་ཉི་མ་ཆེན་པོར་གྲུབ།།

དྲག་ལྡན་རལ་བའི་ལྗོན་པའི་རྩེ་མོ་དམར་ཆུང་བྱུ་རུ་ཟླ་བ་ཡིས།།
བརྒྱན་པའི་ཀློང་དུ་ས་གསུམ་དྲི་མ་རབ་འཁྲུ་གངྒའི་ཆུ་རྒྱུན་ལྟར།།
ལག་ལྡན་རི་བོ་འགྱིང་བའི་རྩེ་མོར་གང་སྐུ་གསེར་འོད་འཕྲོས་པ་ཡིས།།
དགེ་ལེགས་འབྱུང་བའི་སྤྲིན་ཕུང་ལས་ནི་དགའ་སྤྲོའི་ཆར་བ་ས་ལ་བསྙིལ།།

མཛེས་པར་བྱས་སོ་ས་ལའི་སྨན་ལྗོངས་གང་སྐུ་དཔག་བསམ་ལྗོན་པ་ཡིས།།
ཉེ་བར་གདུང་བའི་འགྲོ་བའི་མིག་ལ་མཚན་དཔེ་ཡོན་ཏན་མེ་ཏོག་གིས།།
གང་བར་བྱས་སོ་བདུད་བྱའི་རྣ་བ་ལེགས་བཤད་དགེ་བའི་བདུད་རྩི་ཡིས།།
ཀུན་ཀྱང་དགའ་ཞིང་སྤྲོ་བའི་སྐད་ཀྱིས་ཡངས་ཤིང་ཆེ་བའི་ནམ་མཁའ་ཡང་།།

བརྒྱད་གཉིས་ན་ཆུང་སྐུ་ཡི་ལག་ལྡན་སྐྱེལ་མའི་ཚལ་གྱི་མྱུ་གུ་བཞིན།།
ཆོས་སྲིད་ཁང་ཆེན་འདེགས་པའི་ཀ་བར་ད་དུང་ཆེ་ཆེར་ཕྲ་ན་ཡང་།།
རི་དྭགས་ཚོགས་ན་སེང་གེ་བཞིན་དུ་མཆེ་སྡེར་རབ་རྣོ་སྐུ་དྲག་ཚོའི།།
སྟོབས་ཀྱིས་མ་ནུས་ཆོས་སྲིད་རི་བོ་གཉིས་འཐུང་ཕྲུ་གུ་ཁྱེད་ལ་བཀལ།།

ཟླ་བ་ཕྱེད་ཀྱིས་དྲག་ལྡན་གཙུག་གི་རལ་བའི་ཕུང་བོ་མཛེས་པ་གང་།།
དེ་ཡི་དྲུང་གི་དགའ་མ་དག་གི་ཡིད་དགའི་གསོས་སུ་སྨིན་པ་ལྟར།།
གང་སྐུ་ཉི་མ་གཞོན་ནུའི་འོད་ཀྱིས་ས་ཡི་མུན་པ་རབ་གསལ་བས།།
སད་ཀྱིས་བཅོམ་པའི་པད་མ་དག་གི་འདབ་མ་སླར་ཡང་དགོད་པར་གྱུར།།

བས་མཐའི་རླུང་གི་དཀྱིལ་འཁོར་གཡོ་བས་གངས་ཅན་འཛིན་མའི་ངོ་གདོང་ལ།།
མི་གཙང་ཐལ་བའི་རྡུལ་གྱིས་རབ་གོས་དབུལ་བའི་རྣམ་པ་ཅི་ཡང་སྟོན།།
དེ་དུས་གང་སྐུ་ཉེ་བར་བྱོན་པའི་ཐུགས་རྗེ་རབ་ཡངས་ཆུ་འཛིན་ལས།།
འཕྲིན་ལས་ཆར་གྱི་བདུད་རྩི་བྱོ་བས་མྱ་ངན་དྲི་མ་དག་པར་གྱུར།།

ཉམ་ཆུང་རི་དྭགས་འཇིགས་པར་བྱེད་པའི་སྐུ་དྲག་སེང་ཆེན་སྡེར་མོ་ཡིས།།
བོད་འབངས་འཚོ་བའི་གདོང་ལ་དྲེད་པས་མཛེས་པའི་བཞིན་རས་རྨ་ཡིས་ཟོས།།
སྙིང་རྗེའི་སྤྱན་གྱིས་བཟོད་པར་མ་ནུས་གང་ཐུགས་ཞི་བར་ཁྲོས་པ་ཡིས།།
མང་གཙོ་གསར་གཏོད་རལ་གྲི་རྣོན་པོས་སྐུ་དྲག་རལ་བའི་ཅོད་པན་བཅད།།

ཤིན་ཏུ་དགེ་འོ་ཁ་བའི་རི་བོ་མུན་པས་བསྒྲིབས་པའི་གཟུགས་རིས་ནི།།
ཉིན་བྱེད་འབུམ་ཕྲག་ལྷན་ཅིག་ཤར་བ་ལྟ་བུའི་ཁྱེད་ཀྱི་ཐུགས་རྗེ་ཡི།།
དགེ་ལེགས་འོད་ལྡན་ཉི་མ་གཅིག་གིས་རབ་འཁྱུད་རང་མདངས་མངོན་གྱུར་ཏེ།།
ས་ཡི་ཉི་མ་ཆེན་པོ་ཁྱོད་ཅེས་ཀུན་དགའ་སྤྲོ་བའི་གླུ་དབྱངས་གྱེར།།

བསིལ་བའི་འོད་ཅན་རྒྱ་མཚོ་འཕེལ་བྱེད་མཁའ་རུ་ཁྱད་དུ་འཕགས་པས་ན།།
མུན་པའི་གླིང་ཁམས་སྐད་ཅིག་སེལ་ཞིང་ཀུ་མུད་ཁ་སྦུད་གྲོལ་བ་བཞིན།།
གང་སྐུ་འགྲོ་བའི་བསོད་ནམས་ལ་བྱོན་དེ་རྣམས་ཡིད་ཀྱི་སྡུག་བསྔལ་ཀུན།།
ཉེ་བར་སེལ་བས་དད་པའི་ཤུགས་ཀྱིས་སོར་བཅུ་འདབ་མ་བྲང་ཁར་བཞད།།

སུ་ཞིག་ཁྱེད་དང་རྒྱང་དུ་བྲལ་ཚེ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་གང་།།
བཞུད་པའི་རྗེས་སུ་མུན་པའི་གླིང་གི་སྐར་མའི་ཚོགས་ཀྱང་ཉམས་པ་བཞིན།།
དགའི་བའི་འཛུམ་དང་དགོད་པའི་བདེ་སྐྱིད་སྐྱོ་གདུང་ཞིང་ལ་འཕོས་གྱུར་ཏེ།།
སྡུག་བསྔལ་ཆེ་བའི་ཚེར་མའི་མྱུ་གུ་མ་བཏབ་ན་ཡང་སྐྱེས་པར་འགྱུར།།

དེ་བས་ཁྱེད་ཉིད་ཀུན་གྱི་མགོན་དང་ཀུན་ཀྱང་བདེ་བའི་རྩ་བ་ཞེས།།
ཕྱོགས་ཀྱི་སྐྱེ་བོའི་རྣ་ལ་མ་བསྒྲགས་གྲགས་པ་དཀར་བོའི་མེ་ཏོག་ནི།།
གདོང་དམར་མི་ཡི་མཐའ་ལས་རབ་བརྒལ་འཛམ་གླིང་ཡུལ་གྲུ་ཆེན་པོ་ཡི།།
ལྷ་མི་དང་བཅས་དད་གུས་གཙུག་ན་བདེ་བྱེད་རལ་བ་བཞིན་དུ་བརྗིད།།

ཁྱེད་ཀྱི་ཐུགས་རྗེ་གྲིབ་བསིལ་འོག་ཏུ་གངས་ཅན་འགྲོ་རྣམས་བདེ་གྱུར་ཀྱང་།།
མ་ཧ་ཙི་ནིའི་དུག་གི་ཁ་ལང་ལྷོ་སྤྲིན་ནག་པོའི་རྗེས་བཏབ་སྟེ།།
གདུག་ཅན་རྩུབ་པོའི་དྲག་ཆར་རབ་བྱོས་གངས་ཅན་སྐྱེ་བོའི་སྲོག་ལ་གཙེས།།
དགྲ་སྡེ་དཔུང་ཚོགས་ཞི་བས་གཞོམ་ཕྱིར་འཕགས་པའི་ཡུལ་དུ་གཡུལ་ས་བཙུགས།།

༼གསལ་བཤད། བརྩེ་བའི་ཀློག་མཁན་ལགས།
འདིའི་འཕྲོའི་ན་ད་དུང་ཤོ་ལོ་ཀ་སུམ་ཅུ་ལྷག་ཡོད་པས་འབྱུང་འགྱུར་བདག་གི་སྙན་དེབ་ནང་འགོད་རྒྱུ་ལས་དྲ་ངོས་སུ་འཇོག་རྒྱུ་མིན།༽

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།