ཧྥ་རིན་སིའི་རྒུན་འབྲུམ་ཆང་།

01/07/2011 20:28

 རྒུན་འབྲུམ་ཆང་གི་བཟི་ཁ་མ་བརྟེན་པར།།

དགའ་སྡུག་སྐྱོ་གསུམ་གླུ་རུ་ལེན་པ་ཡི།།
ཚོར་བའི་ཁུ་བྱུག་འཕུར་བའི་མགྲིན་པའི་ལམ།།
རྨོངས་སྟུག་་ལྕེ་ཡི་བྲག་གིས་འགོག་པར་བྱེད།།

ཅི་ཙམ་མང་དུ་བཏུང་ན་དེ་ཙམ་གྱིས།།
ཞི་ཞིང་འཇམ་པའི་ཚོར་བའི་ཤུགས་བསླེབས་ཏེ།།
སྙིང་གི་རི་མོར་འཐིམས་པའི་བརྩེ་བའི་བུ།།
སྙན་ཞིང་འཇེབས་པའི་ངག་སྒོ་གྲོལ་ནས་འོང་།།

ཟླ་བའི་ཟེར་གྱིས་ཆུ་སྐྱེས་དགོད་པ་དང་།།
མེ་ཏོག་རྩི་ཡིས་གཡུ་སྦྲང་མྱོས་པ་བཞིན།།
རྒུན་འབྲུམ་ཆང་གི་ཉིང་ཁུ་བཏུང་བ་ན།།
བདག་མགྲིན་བུ་མོ་དགའ་བས་རྒྱང་གླུ་ལེན།།

རྒུན་འབྲུམ་ཆང་དམར་བདག་གི་ཤེས་རབ་དང་།།
དེ་ཡི་བཟི་ཁ་བདག་གི་གླུ་སྐད་དེ།།
རྒུན་འབྲུམ་ཆང་དམར་རྫོགས་པར་མ་གྱུར་ན།།
བདག་གི་གླུ་སྐད་ནམ་ཡང་སྙན་ལྷང་ལྷིང་།།

རྒུན་འབྲུམ་ཆང་གི་ཕན་ནུས་གླེང་བ་འདིས།།
ཆང་དགའ་རྣམས་ཀྱི་སྐོམ་པ་སེལ་བྱས་ཏེ།།
མགྲིན་པ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ནས།།
སྙམ་ངག་རིག་པའི་ས་ལམ་རྙེད་པར་ཤོག །

འདི་རིང་འདི་ནས་མཚམས་འཇོག་གྲོགས་པོ་དག །
སྔ་མོར་ཉལ་དགོས་སང་ཉིན་ལས་ཀ་ཡོད།།
ལས་ཀ་མེད་པའི་གུང་གསེང་ཉིན་མ་ཞིག །
རྒུན་འབྲུམ་ཆང་ཞིག་འཐུང་ནས་ཡང་བསྐྱར་ཐུག །

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།