ཨ་མ་ལགས།

24/06/2011 22:56

རི་ཚོགས་དང་མཆི་མས་བདག་གི་མིག་མཐའ་བརླན་ཞིང་།

གྱེས་གདུང་གི་རལ་གྲིས་བདག་ཡིད་ལན་བརྒྱར་གཤགས་པའི་དེ་རིང་།

ཨ་མ་ལགས། ངས་ཁྱོད་ཤིན་ཏུ་དྲན།

ཉིན་མ་དང་ཟླ་བ་འདས་ཤིང་།

ལོ་དང་ལོ་འཁོར་བའི་ཉིན་ཞགས་ཀྱི་འཁོར་སྐྱོད་བར་ནས།

ཨ་མ་ལགས། ཁྱོད་ཀྱིས་ཀྱང་ང་ཅི་ཙམ་དྲན་པ་མེད་དམ།

ཨ་མ་ལགས། ང་དེ་རིང་རང་དབང་གི་ཡུལ་གྲུ་ཞིག་ན་ཡོད་ཀྱང་།

ང་དེ་རིང་བཙན་གནོན་དང་གཉའ་གནོན་མེད་པའི་ཡུལ་གྲུ་ཞིག་ན་ཡོད་ཀྱང་།

ངའི་སེམས་ཀྱི་འཇིགས་སྣང་ད་དུང་ཡང་སྔར་བཞིན་གནས་ལ།

ང་སྐྲག་པའི་སྙིང་ད་དུང་ཡང་ལྷོག་ལྷོག་ཏུ་ལྡིང་བཞིན་འདུག

ཨ་མ་ལགས།

རླུང་རྩུབ་འུར་འུར་དུ་ལྡིང་ཞིང་།

དྲག་ཆར་ཤག་ཤག་ཏུ་བབས་པའི་ཉིན་མོ་དེར།

འུ་ཚང་གི་སྒོ་དྲུང་དུ་ལྷགས་པའི་ཇག་དམག་ཚོས།

མེ་མདའ་དང་རལ་གྲིའི་མཚོན་ཆ་གདེངས་ཏེ།

འུ་ཚང་གི་ཁྱིམ་ཕུག་ན་གཏེར་དུ་བཞག་པའི་གནའ་བོའི་གསུང་རབ་དང་།

ཡབ་མོས་ཚོས་ང་རྒྱལ་དང་ལ་རྒྱ་ཡིས་བཞེངས་པའི་ལོ་རྒྱུས་ཀྱི་དཔང་པོ་རྣམས།

མེ་ལྕེ་འབར་པའི་ཕང་ལ་བཏབ་ཅིང་གཙང་བོ་འབབ་པའི་གཞོང་ལ་བསྐྱུར།

ད་དུང་ཨ་ཕའི་གདོང་ལ་མེ་མདའི་ཁ་གཏད་ཅིང་།

ཨ་མའི་བྲང་ཁར་རལ་གྲིའི་རྩེ་གཙུགས་པའི་འཇིག་སྐྲག་གི་ལོ་ཟླ་ནག་པོ་དེ།

ད་དུང་ཡང་ངའི་སེམས་ལ་གསལ་ཐང་ངེར་གནས་ཡོད།

ཨ་མ་ལགས། ཡོད་ཚད་ཤོར་ཞིང་ཡོད་ཚད་བརླགས་ཟིན་པའི་ཁྱིམ་གཞི་སྟོང་པ་དེ་ནང་ཁྱོད་གཅིག་པུ་ཇི་ལྟར་སྡོད་ཐུབ་བམ།

ཨ་མ་ལགས། ང་ས་མཐའི་མི་ཡུལ་དང་ཁ་བྲལ་ཏེ་ཨ་མ་ཁྱེད་ཀྱི་དྲུང་དུ་ལོག་ན་འདོད།

ངས་ཨ་མའི་ཕྱག་ཟུང་ལ་དམ་པོར་འཇུས་ནས་ཞི་བདེ་གླིང་ཕྲན་ཞིག་འཚོལ་ན་འདོད།

ངས་འདས་ཟིན་པའི་ཕུ་ནུ་ཚོའི་ཆེད་དུ་འཚེ་མེད་ཀྱི་སྒྲོན་མེ་ཞིག་སྦར་ན་འདོད།

ཨ་མ་ལགས། ངས་འདི་ལྟར་བསམས་ཀྱང་ངས་འདི་ལྟར་རེ་ཡང་།

འུ་ཚང་གི་སྒོ་དྲུང་དུ་ལྷགས་པའི་ཇག་དམག་ཚོས་ད་དུང་ཡང་མེ་ཏོག་གི་མཚོན་ཆ་བཟུང་ནས།

ང་དང་ང་འདྲ་བའི་ཕུ་ནུ་ཚོའི་སྐུ་སྲོག་ལ་འཇམ་རྒོལ་བྱེད་བཞིན་པ་ཐོས་ཚེ།

ང་རང་ཡུལ་དུ་ལོག་རྒྱུར་ཤིན་ཏུ་སྐྲག

ང་ཇག་དམག་ཚོའི་ཉེ་འགྲམ་དུ་སླེབས་རྒྱུར་དེ་བས་འཇིགས།

ཨ་མ་ལགས། ང་ལ་བཟོད་སྒོམ་གནང་རོགས།

ང་ད་དུང་མི་ཡུལ་དུ་མི་སྡོད་ག་མེད་རེད།

ང་ད་དུང་ས་མཐའ་རུ་མི་འཁྱམས་ག་མེད་རེད།

ཡིད་སེམས་སྐྱོ་སྐྱོ་རུ་གྱུར།

མིག་ཆུ་ཤུར་ཤུར་དུ་བཞུར།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།