ཨ་ཚེ་འབར་ལ་གདམས་པ།

22/07/2014 17:30

       ཨ་ཚེ་འབར་ལ་གདམས་པ།


འབའ་སྲས།


ལྔ་སྡེ་བཟང་བོར་ཆོས་འཁོར་བསྐོར་བའི་གནས།།

ཆུ་བོ་གངྒཱའི་བཞུར་རྒྱུན་རིང་བའི་འགྲམ།།

མགྲིན་སྔོན་ཟླ་བའི་ཕོ་བྲང་བརྗིད་པའི་འདབ།།

ཝ་རཱ་ཎ་སིའི་ཡུལ་ནས་ལོ་གཅིག་བཞུགས།།


སྔ་མོར་བཞེངས་ཏེ་མཆོད་རྟེན་བསྐོར་བ་ཕེབས།།

ཕྱིར་ལ་ལོག་དུས་མངར་ཇ་ཕོར་གསུམ་མཆོད།།

དེ་ཡི་རྗེས་ལ་སྙན་ངག་ཤར་ཤར་བྲིས།།

ཨ་ཁུའི་ཉིན་གཅིག་བྱ་བ་འདི་ལྟར་རྫོགས།།


ཆུ་བོ་གངྒཱའི་བཞུར་རྒྱུན་ཚིག་ལ་སྤྲས།།

ས་རཱ་ཎ་ཐའི་ཡུལ་ལྗོངས་དོན་ལ་བསྡུས།།

རྒྱ་གར་མཛེས་མའི་སྒེག་ཉམས་འགྱུར་ལ་བཞེངས།

ཨ་ཁུའི་ལོ་གཅིག་བྱ་བ་འདི་ལྟར་རྫོགས།།


དེ་རིང་གྱེས་དུས་ཨ་ཁུ་ཞེན་ཆགས་མང་།།

ལྔ་སྡེ་བཟང་བོའི་སྐུ་བརྙན་རིན་པོ་ཆེ།།

རལ་བའི་ཀློང་ནས་བབས་པའི་གངྒཱ་མ།།

ཇ་ཚོང་བུ་མོ་ལ་སོགས་རྒྱབ་ཏུ་ལྷག །


རིན་ཆེན་རྟེན་གྱི་བྱིན་རླབས་རྒྱུད་ལ་ཞུགས།།

གངྒཱ་བཞུར་བའི་སྒྲ་དབྱངས་རྣ་རུ་ཟུག །

འོ་ཇ་མངར་མོའི་བྲོ་བ་ལྕེ་ལ་འཐིམས།།

འདི་དག་གྱེས་ཁར་མིག་ཆུ་བཞུར་ཡང་འོས།།


ད་ནི་མ་ངུས་ཨ་ཁུ་ལྷོ་ལ་བཞུད།།

ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་ན།།

ངུར་སྨྲིག་འདུལ་བ་འཛིན་པའི་གདན་ས་ཆེ།།

སེ་འབྲས་དགའ་གསུམ་དགོན་ཆེན་ལྷོ་ན་བཞུགས།།


གཞུང་ཆེན་ལྔ་ཡི་པོ་ཏི་དེ་ན་མཐོ།།

ཤེས་བྱ་རིག་པའི་སྐྱེད་ཚལ་དེ་ན་ཡངས།།

གྲྭ་ལྭ་འོག་གི་སྡོམ་པ་དེ་ན་གཙང་།།

རྒྱ་གར་མངར་ཇ་ཚོང་མཁན་དེ་ན་མང་།།


ལྷོ་ན་ཙན་དན་དྲི་བཟང་རླུང་གིས་བསྐྱོད།།

རྟ་གདོང་མེ་རི་འབར་བའི་འོད་ཟེར་འཕྲོ།།

རྒྱ་མཚོ་ཆེན་མོ་རླབས་རིས་གར་དུ་རྩེན།།

ཉམས་དགའི་རང་བྱུང་ཁོར་ཡུག་དེ་ན་བསྟི།།

སྤྱིར་ན་རྒྱ་གར་ལྷོ་ཡི་ས་ཆ་འདི།།

ནུབ་བྱང་ལྟ་བུའི་རྒྱལ་རབས་ཉུང་ན་ཡང་།།

མཁས་པ་སློབ་དཔོན་གཞུང་ལུགས་འབྱུང་ས་དང་།། 

མི་ཡི་གཤིས་རྒྱུད་འཇམ་པའི་ཡུལ་གྲུ་ཞིག །


ཨ་ནུ་བྷུ་ཏིས་སྒྲ་མདོ་དབྱངས་ཅན་མ།།

དྲང་སྲོང་རྒྱས་པས་བསྟན་བཅོས་བྷ་ར་ཏ།།

སློབ་དཔོན་དཎྜིས་སྙན་ངག་མེ་ལོང་མ།།

གཞུང་ལུགས་ཆེན་མོ་འདི་དག་ལྷོ་ནས་བརྩམས།།


རཱ་མ་ཎ་ཡི་གཏམ་རྒྱུད་ལྷོ་ནས་བྲིས།།

འཕྲིན་གྱི་ཕོ་ཉ་རྒྱ་གར་ལྷོ་ནས་སྤྲིངས།།

རྩོམ་གཤིས་མི་འདྲ་ལྷོ་ཤར་གཉིས་ནས་བྱུང་།།

ནུབ་བྱང་གཉིས་ནས་འཁྲུངས་པའི་མཁས་པ་ཉུང་།།


མཛེས་པའི་དཔེ་ལ་མཁས་པ་ནག་མོ་ཁོལ།།

སྒྲ་སྦྱོར་རིག་གནས་མཁས་པ་བྷ་ར་ཝི།།

སྙན་པའི་ཚིག་སྦྱོར་མཁས་པ་དབྱུག་པ་ཅན།།

སློབ་དཔོན་མཁས་པ་རྣམ་གསུམ་ལྷོ་ནས་བྱུང་།།


མགོན་པོ་ཀླུ་སྒྲུབ་པུ་ཊིའི་རྒྱལ་རྒྱུད་དང་།།

བསྟན་སྲུང་གནོད་སྦྱིན་དགེ་སློང་ཤི་འཕོས་པ།།

ཆོས་དང་འཇིག་རྟེན་ཀུན་ཏུ་སྐྱོང་བ་བོ།།

ཆོས་རྒྱལ་འདི་དག་རྒྱ་གར་ལྷོ་ནས་འཁྲུངས།།


དེས་ན་གྲོགས་ཁྱོད་ནུབ་ནས་ལྷོ་ཕྱོགས་སུ།།

བཞུད་པའི་སྐབས་ཀྱི་མིག་ཆུ་ཐ་མ་ཐོར།།

རུམ་གྱི་རས་ཁྲ་དེ་ཡིས་ཕྱིས་བྱས་ཏེ།།

དགའ་བཞིན་སྤྲོ་བཞིན་ལྷོ་ལ་བཞུད་པར་མཛོད།།


ལྷོ་ནས་"ཨ"་ཁུ་ཁྱེད་ཀྱི་སྐུ་"ཚེ་"བརྟན།།

རྟ་གདོང་མེ་རི་བཞིན་དུ་སྙན་གྲགས"འབར"།།

མཐའ་ཡས་རྒྱ་མཚོ་འདྲ་བའི་ཡོན་ཏན་རྒྱས།།

ཙན་དན་དྲི་བཟང་ལྟ་བུའི་སྙན་ངག་ལྡང་།།


ཇ་ཡུན་གཅིག་གི་ངོ་ཤེས་མིན་ན་ཡང་།།

དྲ་ཐོག་དྲ་འབུ་བྱས་ནས་གྲོགས་སུ་གྱུར།།

དེ་རིང་གྲོགས་ཁྱོད་སྐྱོ་ནས་ཕེབས་དུས་སུ།།

ཐུགས་གསོའི་སྨན་དུ་འབའ་སྲས་སྒྲོགས་པས་གདམས།།


༠༢/༡༠/༡༣ ཉལ་ཁར།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།