ཨེ་ཛར་སྐྲག་ན་་སྲུང་ཤུབས་གྱོན།

22/07/2014 21:48

 


  ཨེ་ཛིར་སྐྲག་ན་སྲུང་ཤུབས་གྱོན།


འབའ་སྲས།


གཅན་གཟན་སྡིག་ཅན་འགོག་པ་ལ།། 

རྣོ་བའི་རལ་གྲིས་ཆོག་མོད་ཀྱང་།། 

ནད་དུག་ཨེ་ཛི་འགོག་པ་ལ།། 

སྲུང་ཤུབས་ལས་ལྷག་མཚོན་ཆ་མེད །།  


འགྲོ་ཁ་འདུག་ཁར་བརྗེད་མི་ཉན།། 

སུ་ལ་གཡབ་ན་ཕུད་མི་ཉན།། 

ལུས་དང་གྲིབ་མ་བཞིན་དུ་འགྲོགས།། 

སྐེ་ཡི་སྲུང་འཁོར་བཞིན་དུ་གཅེས།།


ཨེ་ཛི་འགོས་པ་ཁྱོས་མི་ཤེས།།

ཁོ་ལ་ཡོད་པ་ཁོས་མི་བཤད།།

མི་དང་མི་ཡི་གསང་བའི་ནད།།

སྲུང་ཤུབས་ཁོ་ནར་བཅོལ་ན་ལེགས།།


ཚད་ལྡན་སྲུང་ཤུབས་མ་གྱོན་པར།།

གཞན་ལ་འཁྲིག་སྤྱོད་བྱེད་པ་དང་།།

སྨད་འཚོང་མ་ལ་བརྟེན་པ་ནི།།       

མི་རིགས་གསོད་པའི་དགྲ་བོ་ཡིན།།


གནས་སྐབས་ཙམ་གྱི་བདེ་བ་དེས།།

མི་ཚེ་ས་ལ་མ་སྦྱར་སྔོན།།

སྐྱིད་པོ་ཡང་བསྐྱར་བྱེད་འདོད་ན།།

སྲུང་ཤུབས་བཟང་བོའི་གྲོགས་སུ་ལོངས།།


སྨད་འཚོང་སྒོར་གྱིས་ཉོ་བ་ལས།།

སྲུང་ཤུབས་སྦྱིན་པ་གྱོན་ན་བཟང་།།

སྨད་འཚོང་སྲོག་གཅོད་སྟ་རེས་དང་།།

སྲུང་ཤུབས་སྲོག་སྐྱོབ་དྲིན་ཆེན་འགྱུར།།


རང་གི་ཚེ་སྲོག་རང་གིས་སྐྱོངས།།

རང་གི་བདེ་འཇགས་རང་གིས་སྲུངས།།

གཞན་ནི་གཙང་ཞེས་བློ་གཏད་ན།།

མཐའ་མར་རང་ཉིད་མི་གཙང་འགྱུར།།


དེ་བས་འདོད་དང་ལྡན་པ་གང་།།

དགའ་མ་ལས་གཞན་སུ་ལ་ཡང་།།

འཁྲིག་པའི་ཚེ་ན་སྲུང་ཤུབས་ནི།།

ཚེ་ཡི་སྐྱོར་མ་ཉིད་དུ་ཟུངས།།





༡༤/༠༤/༡༢ ཉིན་འབའ་སྲས་མོས་སྙན་ངག་གི་ཕ་ཁྱིམ་ནང་ཨེ་ཛིའི་སྐོར་གྱི་གཏམ་བཤད་ལ་ཉན་རྗེས། 


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།